སྐབས་གསུམ་པའི༼གངས་དཀར་རི་བོའི༽བོད་ཡིག་རྩོམ་པ་པོའི་སྨྱུག་ཚོགས་འགོ་བརྩམས།

        2016-07-25

   སྐབས་གསུམ་པའི༼གངས་དཀར་རི་བོའི༽བོད་ཡིག་རྩོམ་པ་པོའི་སྨྱུག་ཚོགས་འགོ་བརྩམས།

    དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་འོག་སྐབས་གསུམ་པའི༼གངས་དཀར་རི་བོའི༽བོད་ཡིག་རྩོམ་པ་པོའི་སྨྱུག་ཚོགས་དེ་ཟླ་འདིའི་ཚེས༢༥ཉིན་གྱི་སྔ་དྲོར་དར་མདོ་ནས་འགོ་བརྩམས་པ་རེད།

    དཀར་མཛེས་བོད་རིག་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྐལ་བཟང་འགྱུར་མེད་དང་།  ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཀྲ་བྷ།  གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་གཙོ་སྒྲིག་པ་དཀོན་མཆོག་རྡོ་རྗེ་དང་། སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་བསོད་ནམས་རྒྱལ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཆེན་མོ་གཉགས་ཆོས་ཉིད་རྡོ་རྗེ་དང་དགེ་རྒན་ཆེན་མོ་ཡེ་ཤེས་རབ་གསལ།  ༼ གངས་དཀར་རི་བོ ༽རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ནད་མེད་ཚེ་རིང་། ཁམས་ཀྱི་གྲྭ་བཙུན་རྩོམ་པ་པོ་དང་མི་སྐྱ་རྩོམ་པ་པོ་སོགས་ཁྱོན་ཚོགས་མི་སུམ་ཅུ་ལྷག་ཚོགས་འདུར་ཞུགས་པ་རེད།
    ཐེངས་འདིའི་ཚོགས་འདུ་ནི་ཚེས༢༥ནས༢༧བར་ཏེ་ཁྱོན་ཉིན་གསུམ་གྱི་རིང་ལ་འཚོག་རྒྱུ་ཡིན་ལ། ཚོགས་འདུའི་རིང་ལ་བོད་ཀྱི་སྒྲུང་གཏམ་པ་གྲགས་ཅན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་གླིང་གི་གླིང་གཙོ་གཞོན་པ་དགེ་རྒན་ཆེན་མོ་བཀྲ་བྷ་མཆོག་དང་། སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་ལག་བསྟར་རྩོམ་སྒྲིག་པ། བོད་ཡིག་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་གཙོ་སྒྲིག་པ་དཀོན་མཆོག་རྡོ་རྗེ། སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་བསོད་ནམས་རྒྱལ་སོགས་ཀྱིས་བོད་ཀྱི་རྩོམ་རིག་ལ་དེང་རབས་ཀྱི་རྣམ་པ་གྲུབ་ལུགས་དང་དེའི་དགེ་མཚན་སྐོར། བོད་ཡིག་དྲྭ་ཐོག་རྩོམ་རིག་གི་གནས་བབ་དང་འཕེལ་ཕྱོགས། དེང་རབས་བརྩམས་སྒྲུང་གི་ངོས་འཛིན་སྐོར་སོགས་ཀྱི་འཆད་ཁྲིད་གནང་རྒྱུ་རེད།
    ཐེངས་འདིའི་ཚོགས་ཞུགས་མཁན་ཁམས་ཀྱི་རྩོམ་པ་པོ་སོ་སོས་ལྟ་ཚུལ་ལྷུག་བརྗོད་ཀྱིས་ཁམས་ཁུལ་གྱི་གསར་རྩོམ་འཕེལ་རྒྱས་ཀྱི་ལམ་བུ་སྔར་ལས་ཡངས་པར་གཏང་རྒྱུ་དང༼གངས་དཀར་རི་བོའི༽མ་འོངས་འཕེལ་ཕྱོགས་སོགས་ལ་བསམ་བློ་བརྗེ་རེས་ཀྱིས་བགྲོ་གླེང་བྱ་རྒྱུ་ཡིན་པ་རེད། །

  • ལེ་ཚན་སྔོན་མ།:ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་ཀ་དང་དགོན་པའི་དོ་དམ་ལས་ཀའི་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:སྲོག་གི་དབང་པོ་ཞུགས་འདྲའི་མཚོན་རིས༼LOGO༽འདིའི་བསྟན་དོན་ཤེས་སམ།
  • དོ་སྣང་ཆེ་བའི་རྩོམ།