རང་རྒྱལ་གྱིས་མཐོ་རྒྱུགས་བསྒྱུར་བཅོས་བྱེད་པའི་འཆར་འགོད་བཏོན།
མིག་དམར་གྱིས་བསྒྱུར། 2014-04-01
ཟླ་བ3པའི་ཚེས22ཉིན་སློབ་གསོ་པུའུའི་པུའུ་ཀྲང་གཞོན་པ་ལུའུ་ཞིན་གྱིས་ཀྲུང་གོ་འཕེལ་རྒྱས་གཏོང་བའི་མཐོ་རིམ་གླེང་སྟེགས་ཐོག་བཤད་རྒྱུར། རང་རྒྱལ་གྱིས་འཆར་འགོད་བཀོད་ནས་འཇོན་ལྡན་མི་སྣ་རིགས་གཉིས་དང་མཐོ་རྒྱུགས་མ་དཔེ་སྣ་གཉིས་མངོན་འགྱུར་བྱ་རྒྱུ་ཡིན། རིགས་གཅིག་ནི་ལག་རྩལ་འཇོན་ལྡན་མི་སྣ་བདམས་ཐོན་བྱ་རྒྱུའི་རིགས་ཀྱི་མཐོ་རྒྱུགས་ཡིན་ཞིང་། རྒྱུག་སྤྲོད་པའི་ནང་དོན་དེ་ལག་རྩལ་ཐོག་རིག་གནས་ཤེས་བྱ་བསྣན་པ་དང་། རིགས་གཞན་གཅིག་ནི་ད་ལྟར་ལག་བསྟར་བྱེད་བཞིན་པའི་མཐོ་རྒྱུགས་ཀྱི་མ་དཔེ་དེ་ཡིན་པ་རེད།
ལག་རྩལ་ཅན་ལ་རིགས་གསུམ་གྱི་མི་འདུས་ཡོད་པ་སྟེ། རིགས་དང་པོ་ནི་བཟོ་བཀོད་པ་ཡིན་པ་དང་། རིགས་གཉིས་པ་ནི་རྩེ་གྲས་ཀྱི་ལག་རྩལ་པ་ཡིན་པ། རིགས་གསུམ་པ་ནི་བྱང་ཚད་མཐོ་བའི་ངལ་རྩོལ་པ་ཡིན་པ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་རང་རྒྱལ་ལ་ལོ་རེར་འབྲིང་རིམ་དང་མཐོ་རིམ་སློབ་གྲྭ་ནས་ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་རར་ལས་ཞུགས་བྱེད་པའི་མཐར་ཕྱིན་སློབ་མ་ཁྱོན་བསྡོམས་ཧ་ལམ་མི་ཁྲི1700ཡས་མས་ཡོད་ཅིང་། མཐོ་སློབ་ཀྱི་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་དཀའ་བ་དང་ལག་རྩལ་འཇོན་ལྡན་མི་སྣ་མཁོ་འདོན་བྱེད་ཚད་མི་འདང་བའི་འགལ་བ་དེ་དུས་ཡུན་ཐུང་ངུའི་ནང་གསར་དུ་བསྣན་པའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་པའི་སྒྲིག་གཞི་རང་བཞིན་གྱི་འགལ་བར་གྱུར་བའི་མངོན་ཚུལ་དམིགས་བསལ་ཡིན་པ་རེད།
འབྲེལ་ཡོད་སྡེ་ཚན་གྱི་བསྡོམས་རྩིས་གྲངས་ཀར་གཞིགས་ན། ཀྲུང་གོའི་སྤྱིར་བཏང་གི་མཐོ་རིམ་སློབ་གྲྭ་ཁྱོན་བསྡོམས1200ཡས་མས་ཡོད། དེའི་ཐོག་ནས་བརྒྱ་ཆ50ཡི་སློབ་གྲྭས་རིག་གཞུང་ཚན་ཁག་ཞན་གྱུར་བྱེད་དགོས་པ་དང་ཆེད་ལས་ཇེ་དྲག་ཏུ་བཏང་སྟེ་ཁེ་ལས་ཀྱི་དགོས་མཁོ་དང་ལས་གནས་ཀྱི་དགོས་མཁོ་ལྟར་སྦྲེལ་མཐུད་བྱེད་དགོས་པ་དེ་རེད། ད་ལྟར་ས་གནས་ཀྱི་སློབ་གླིང150ལྷག་གིས་སློབ་གསོ་པུའུ་ཡིས་སྤེལ་བའི་མཐོ་རྒྱུགས་ཀྱི་རྣམ་པ་བཅོས་བསྒྱུར་ནང་ཞུགས་པར་མིང་ཐོ་བཀོད་ཡོད་པ་རེད།