ཞི་ཅིན་ཕིང་གིས་ཧོ་ལན་ལ་འཚམས་འདྲི་གནང་བ་དང་སྐབས་གསུམ་པའི་ཉིང་རྡུལ་བདེ་འཇགས་ཀྱི་རིམ་པ་ཆེས་མཐོ་བའི་ཚོགས་འདུར་ཞུགས།
མིག་དམར་གྱིས་བསྒྱུར། 2014-03-25
ཞིན་ཧྭ་གསར་འགྱུར་ཁང་ཨ་མུའུ་སི་ཐི་ཏན་ནས་ཟླ་བ3པའི་ཚེས22ཉིན་འབྱོར་བའི་གཏམ་གསར། རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་གོང་ཚེས་ཉིན་ཧོ་ལན་རྒྱལ་ཁབ་ཀྱི་ཨ་མུའུ་སི་ཐི་ཏན་དུ་འབྱོར་ནས་ཧོ་ལན་གྱི་རྒྱལ་པོ་ཝེ་ལེན་ཡ་ལིས་ཧྲན་ཏས་གདན་འདྲེན་ཞུས་པར་ལྟར་ཧོ་ལན་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་ཏེ་གླིང་ཆེན་ཡོ་རོབ་ལ་འཚམས་འདྲི་ཞུ་འགོ་བཙུགས།
ཞི་ཅིན་ཕིང་གིས་གསུང་རྒྱུར། ངས་ཐེངས་འདིར་འཚམས་འདྲི་ཞུ་སར་འོང་བ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ཐོག་མ་ཧོ་ལན་ལ་འཚམས་འདྲི་ཞུ་བ་ཡིན། ཧོ་ལན་ཡང་ངས་ཐེངས་འདིར་གླིང་ཆེན་ཡོ་རོབ་ལ་འཚམས་འདྲི་ཞུས་པའི་ས་ཚུགས་དང་པོ་ཡིན། ངས་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཧོ་ལན་མི་དམངས་དང་གླིང་ཆེན་ཡོ་རོབ་ཀྱི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུ་བ་དང་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། ཧོ་ལན་ནི་ཀྲུང་གོས་གླིང་ཆེན་ཡོ་རོབ་དུ་ཡོད་པའི་གལ་ཆེ་བའི་མཉམ་འབྲེལ་གྲོགས་པོ་ཡིན་པས། ཐེངས་འདིའི་འཚམས་འདྲི་ཞུས་པར་བརྒྱུད་ཆབ་སྲིད་ལ་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་དོན་དངོས་མཉམ་འབྲེལ་ལ་སྐུལ་འདེད། མི་དམངས་ཀྱི་མཛའ་བརྩེ་གཏིང་ཟབ་ཏུ་གཏོང་བའི་རེ་བ་ཡོད་པས་མ་ཚད། ཐེངས་འདིར་གླིང་ཆེན་ཡོ་རོབ་ལ་འཚམས་འདྲི་ཞུས་པར་བརྒྱུད་སྔ་འཛིན་ཕྱི་གཏོན་དང་མཉམ་འབྲེལ་གཏིང་ཟབ་ཏུ་བཏང་སྟེ་ཁྱོན་ཡོངས་ནས་ཀྲུང་གོ་དང་གླིང་ཆེན་ཡོ་རོབ་ཀྱི་འབྲེལ་བའི་ཆུ་ཚད་མཐོ་རུ་གཏང་རྒྱུའི་རེ་བའང་བཅངས་པ་ཡིན།
ཞི་ཅིན་ཕིང་ཧོ་ལན་དུ་འཚམས་འདྲི་ཞུས་་སྐབས་ད་རུང་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའི་ཐེས་ཀྱིས་གདན་འདྲེན་ཞུས་པར་ལྟར་ཧེ་ཡ་ལ་འཚོག་པའི་སྐབས་གསུམ་པའི་ཉིང་རྡུལ་བདེ་འཇགས་ཀྱི་རིམ་པ་ཆེས་མཐོ་བའི་ཚོགས་འདུར་ཞུགས་པ་ཏེ་ཀྲུང་གོའི་ཉིང་རྡུལ་བདེ་འཇགས་ཐད་ཀྱི་ལྟ་བ་ལྷུག་བརྗོད་མཛད་རྒྱུ་རེད། རྒྱལ་ཁབ་ཀྱི་འགོ་འཛིན་པ་ཞུགས་པའི་ཚོགས་འདུ་འཚོགས་ཚུན་ཞི་ཅིན་ཕིང་གིས་རྒྱལ་ཁབ་འགའི་འགོ་ཁྲིད་ལ་མཇལ་འཕྲད་གནང་རྒྱུ་ཡིན་པས་མ་ཚད། ཧྥ་རན་སི་དང་འཇར་མན། པི་ལི་ཧྲི་བཅས་ལ་རྒྱལ་དོན་གྱི་འཚམས་འདྲི་གནང་རྒྱུ་ཡིན་ལ། པ་ལིང་དུ་བཙུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སྤྱི་ཁྱབ་པུའུ་དང་པུའུ་ལུའུ་སའེ་ཨེར་དུ་བཙུགས་པའི་གླིང་ཆེན་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱི་སྤྱི་ཁབ་པུའུ་རུ་འཚམས་འདྲི་གནང་སར་ཕེབས་རྒྱུ་ཡིན་པ་རེད།