ཧན་གོས་ཧྲིག་ཨར་གྱི་བདེ་སྲུང་གྲོས་མོལ་སྐབས་གཉིས་པ་སྤེལ་བ།
བསོད་ནམས་ཚེ་རིང་། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། 2013-11-13
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིནལྟར།ཧྲིག་ཨར་གྱི་བདེ་སྲུང་གྲོས་མོལ་སྐབས་གཉིས་པ་ཚེས11ཉིན་ཧན་གོའི་རྒྱལ་ས་ཧྲིག་ཨར་ནས་སྤེལ་མགོ་བརྩམས་པ་དང་། རྒྱལ་ཁབ་ཉེར་གཅིག་དང་། མཉམ་འབྲེལ་རྒྱལ་ཚོགས་དང་བྱང་ཆིངས་རྩ་འཛུགས། ཡོ་རོབ་གླིང་མནའ་འབྲེལ་སོགས་རྒྱལ་སྤྱིའི་ལས་ཁུངས་གསུམ་གྱི་འཐུས་མི་གྲོས་ཚོགས་ལ་ཞུགས་པ་དང་། དེའི་ཚོགས་ཡུན་ཉིན་གསུམ་རེད།
ཐེངས་འདིའི་གྲོས་མོལ་ནས་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱི་ཞི་བདེ་མཉམ་ལས་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་བདེ་འཇགས། ཉིང་རྡུལ་རྒྱ་ཡན་དུ་མི་གཏོང་བ། དྲ་རྒྱའི་བདེ་འཇགས་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་རྒྱ་ཆེར་བྱེད་རྒྱུ་རེད།
ཉིན་དེར་ཧན་གོའི་རྒྱལ་སྲུང་པུའུ་ཡི་དཔོན་པོ་གཞོན་པ་པེ་ཁྲིན་ཀྲིག་གིས་སོ་སོར་ཧྥེ་ལེ་པེན་དང་ཧིན་རྡུ་ཉི་ཞི་ཡཱ། ཝུན་ལེ་སོགས་རྒྱལ་ཁབ་ཀྱི་འཐུས་མི་དང་གྲོས་མོལ་བྱས། དེ་ལས་གཞན་པེ་ཁྲིན་ཀྲིག་གིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཉིང་རྡུལ་དམག་འཕྲིའི་ལས་དོན་གྱི་མཐོ་རིམ་འཐུས་མི་ཁའེ་ཨིན་དང་། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་བདེ་འཇགས་ལས་དོན་གྱི་པུའུ་ཀྲང་ལས་རོགས་པ་ལཱ་བོ་གཉིས་དང་མཉམ་དུ་ཁྲའོ་ཞན་ཕྱེད་གླིང་གི་བདེ་འཇགས་གནས་ཚུལ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།
ཧྲིག་ཨར་གྱི་བདེ་སྲུང་གྲོས་མོལ་དེའི་དམིགས་ཡུལ་ནི་པུའུ་ཀྲང་རིམ་པ་གཞོན་པའི་ཕྱོགས་མང་བོའི་གྲོས་མོལ་ནང་རྐྱེན་ལ་བརྟེན་ནས། རྒྱལ་ཁབ་སོ་སོའི་དཔོན་རིགས་དང་ཆེད་མཁས་པར་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་གྲོས་བསྡུར་བྱེད་པའི་ཐབས་ལམ་འདོན་སྤྲོད་བྱེད་པ་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་དག་གིས་ཐུན་མོང་བདེ་འཇགས་འཇིགས་ཉེན་ཐག་གཅོད་པའི་ཐབས་ཇུས་ལ་གྲོས་བསྡུར་བྱེད་པར་ཆ་རྐྱེན་བསྐྲུན་པའི་ཆེད་དུ་རེད།།