ཨ་རབ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་གླེང་སྟེགས་སྤེལ་མགོ་བརྩམས་པ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    2013-11-13

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨ་རབ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་གླེང་སྟེགས་ཚེས11ཉིན་ཁི་ཝེ་ཐི་ནས་ཚོགས་མགོ་བརྩམས་པ་དང་། ཨ་རབ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ། དེ་མིན་རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱི་དཔལ་འབྱོར་ལས་རིགས་ཀྱི་མི་སྣ་དྲུག་བརྒྱ་ཙམ་མགོ་རྩོམ་པའི་མཛད་སྒོར་ཞུགས།
ཁི་ཝེ་ཐིའི་དབུ་བཞུགས་བློན་ཆེན་གཞོན་པ་དང་ནོར་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་སཱ་པཱ་ཧི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། ཨ་རབ་དང་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པ་ནན་བཤད་བྱས།
ཁོས་བཤད་རྒྱུར། ཨ་རབ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ལ་རང་བྱུང་ཐོན་ཁུངས་དང་མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ཅིང་། ས་ཁམས་ཡུལ་བབ་ཉེ་བས། ཨ་རབ་དང་ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་བྱས་ན་ཨ་རབ་དང་ཨ་ཧྥེ་རི་ཁ་གླིང་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་བཅོས་བྱེད་པར་ཕན་ཐོགས་འབྱུང་སྲིད་ཟེར།
ཐེངས་འདིའི་གླེང་སྟེགས་ནི་ཁི་ཝེ་ཐིའི་འཕེལ་རྒྱས་ཐེབས་རྩ་དང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་ཡིན་ཞིང་། ཚོགས་ཡུན་ཉིན་གཉིས་ཡིན། ཚོགས་ཞུགས་མཁན་གྱིས་ཨ་རབ་དང་ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་མཉམ་ལས་ལ་ཇི་ལྟར་ཤུགས་སྣོན་པ་དང་། ཨ་རབ་དང་ཨ་ཧྥེ་རི་གླིང་གི་རྒྱལ་ཁབ་ཀྱི་ཐུན་མོང་དངུལ་གཏོང་། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་དངུལ་གཏོང་བཅའ་ཁྲིམས་ཁྲིམས་སྲོལ། ཨ་རབ་དང་ཨ་ཧྥེ་རི་ཁའི་ཉོ་ཚོང་འཕེལ་རྒྱས་སུ་གཏོང་བ་སོགས་གནད་དོན་རབས་དང་རིམ་པར་གྲོས་བསྡུར་བྱེད་རྒྱུ་རེད།།
  • ལེ་ཚན་སྔོན་མ།:འབར་མ་སྲིད་གཞུང་གིས་ཐོག་དང་པོར་གྲངས་ཉུང་མི་རིགས་དྲག་ཆས་རྩ་འཛུགས་བར་གྲོས་མོལ་བྱས་པ།
  • ལེ་ཚན་རྗེས་མ།:ཧན་གོས་ཧྲིག་ཨར་གྱི་བདེ་སྲུང་གྲོས་མོལ་སྐབས་གཉིས་པ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།