ཧྥ་རན་སིའི་ཙུང་ཐུང་གིས་ཨ་ཧྥེ་རི་ཁ་ལྷོ་མར་འཚམས་འདྲི་བྱས་ཚར།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-10-17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་སྤྱི་ཟླ10བའི་ཚེས15ཉིན་ཨ་ཧྥེ་རི་ཁ་ལྷོ་མར་དུས་ཡུན་ཉིན་གཉིས་ཡིན་པའི་རྒྱལ་དོན་འཚམས་འདྲི་བྱས་ཚར། དེ་ནི་ཧྥ་རན་སིའི་ཙུང་ཐུང་གིས་ཉེ་བའི་ལོ་ལྔའི་རིང་ཐོག་དང་པོར་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ་རེད། ཨ་ཧྥེ་རི་ཁ་ལྷོ་མའི་གསར་འགྱུར་ལས་རིགས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཨོ་ལིང་ཏི་ཡིས་ཐེངས་འདིར་འཚམས་འདྲི་བྱས་པ་ཧ་ཅང་བདེ་བླག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་འཕེལ་རྒྱས་སུ་བཏང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་ཡོད་ཟེར།

ཨོ་ལིང་ཏི་སོགས་ཚེས་བཅུ་བཞིའི་ཉིན་གྱི་སྔ་དྲོར་ཨ་ཧྥེ་རི་ཁ་ལྷོ་མར་འབྱོར། ཉིན་དེར་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མཱ་དང་གྲོས་མོལ་བྱས་རྗེས་ཨོ་ལིང་ཏི་ཨ་ཧྥེ་རི་ཁའི་ཆེས་ཆེ་བའི་གྲོང་ཁྱེར་ཡོ་ཧན་ནེ་སི་པའོ་རུ་སོང་སྟེ། གནས་དེར་བསྡུ་བཞིན་པའི་ཚོང་ལས་མགོ་ཁྲིད་པའི་གླེང་སྟེགས་ལ་ཞུགས། ཨོ་ལིང་ཏི་དང་མཉམ་དུ་འཚམས་འདྲིར་ཡོང་མཁན་ལ་པུའུ་ཀྲང་བརྒྱད་དང་ཧྥ་རན་སིའི་ཚོང་ལས་ལས་རིགས་ཀྱི་གཙོ་འཛིན་བཞི་བཅུས་གྲུབ་པའི་འཐུས་ཚབ་ཚོགས་པ་ཞིག་ཡོད་པ་དང་། དེའི་ཚད་གཞི་ཧ་ཅང་མཐོ་བ་རེད། ཨོ་ལིང་ཏི་ཡིས་ཙུའུ་མཱ་དང་གྲོས་མོལ་བྱེད་སྐབས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕན་ཚུན་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ཅིག་གི་བདེ་འཇགས་གནད་དོན་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་། ཨོ་ལིང་ཏི་ཡི་འགྲུལ་བཞུད་དང་རྗེས་འབྲངས་མི་སྣའི་གྲུབ་ཚུལ་ལས་ཨོ་ལིང་ཏི་ཡི་ཐེངས་འདིའི་འགྲུལ་བཞུད་ཀྱི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་པ་ལས་གཞན་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ལ་ཤུགས་སྣོན་རྒྱུ་དེ་ཡིན་པ་གསལ་བོར་རྟོགས་ཐུབ། ཨོ་ལིང་ཏི་ཡིས་འཚམས་འདྲི་བྱེད་སྐབས། ཧྥ་རན་སི་དང་ཨ་ཧྥེ་རི་ཁ་ལྷོ་མའི་གློག་ཤུགས་ཀུང་ཟི་ཡིས་རིན་ཐང་མེ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ཡིན་པའི་ཉི་འོད་ནུས་པ་དང་རླུང་ནུས་ཀྱི་གློག་འདོན་བཟོ་གྲྭའི་ལས་གཞིའི་གྲོས་མཐུན་བཀོད་པ་དང་། ཧྥ་རན་སི་ཡིས་ད་རུང་ཨ་ཧྥེ་རི་ཁ་ལྷོ་མར་རོགས་རམ་བྱས་ཏེ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་འཕེལ་རྒྱས་སུ་གཏོང་རྒྱུ་ཁས་ལེན་བྱས། དེ་ལས་གཞན་རྒྱལ་ཁབ་གཉིས་ཀྱིས་ད་རུང་འགྲིམ་འགྲུལ་ཁྱབ་ཁོངས་ནས་མཉམ་ལས་གྲོས་མཐུན་བཀོད་པ་དང་། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མར་མེ་འཁོར་འཁོར་སྒམ་སྟོང་གསུམ་ལྷག་ཐོན་སྐྱེད་བྱེད་རྒྱུ་རེད།

  • ལེ་ཚན་སྔོན་མ།:རྒྱ་གར་གྱི་ཙུང་ལི་ཞིན་ཀི་ཡིས་ཀྲུང་གོར་འཚམས་འདྲི་བྱེད་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:རྒྱ་གར་གྱི་ལྷ་ཁང་ཞིག་ནས་རྡོག་བརྫིས་དོན་རྐྱེན་བྱུང་སྟེ་མི་གོ་གཅིག་རྐྱེན་ལམ་དུ་ཤོར།
  • དོ་སྣང་ཆེ་བའི་རྩོམ།