འཇར་པན་སྲིད་འཛིན་མནའ་འབྲེལ་ལ་གྲོས་ཞུགས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-07-23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་རྒྱལ་ཚོགས་གྲོས་ཞུགས་ཁང་གི་འདེམ་བསྐོ་སྐབས་ཉེར་གསུམ་པའི་མཇུག་མཐའི་འདེམ་ཤོག་གི་མཇུག་འབྲས་དེ་སྤྱི་ཟླ7པའི་ཚེས22ཉིན་གྱི་ཞོགས་པར་དངོས་སུ་ཤེས་པ་དང་། འཇར་པན་གྱི་མཉམ་དུ་སྲིད་འཛིན་བཞིན་པའི་རང་དབང་དམངས་གཙོ་ཏང་དང་གུང་མེན་ཏང་གཉིས་ལ་རྒྱལ་ཚོགས་གྲོས་ཞུགས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་སྟེ། ཏང་ཁག་གཉིས་ཀྱིས་གྲོས་ཞུགས་ཁང་གི་གོ་གནས་ཕྱེད་ཀའི་ཡན་བཟུང་ནས། སྲིད་བཟུང་མེད་པའི་ཏག་ཁག་གིས་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་ལ་དབང་སྒྱུར་བའི་རྒྱལ་ཚོགས་ཀྱི་སྣང་ཚུལ་དེ་རྩ་བ་ནས་བསྒྱུར།

  མཇུག་མཐའི་འདེམ་ཤོག་གི་མཇུག་འབྲས་ལྟར་ན། རང་དབང་དམངས་གཙོ་ཏང་ལ་གོ་གནས65དང་གུང་མེན་ཏང་ལ་གོ་གནས11ཐོབ་པ་དང་། དེའི་ཁར་བཅོས་སྒྱུར་མ་བྱས་པའི་གོ་གནས59བསྣན་ན། ཏང་གཉིས་ཀྱི་གོ་གནས་བསྡོམས་པས135བར་བུད་དེ། གྲོས་ཞུགས་ཁང་གི་སྤྱིའི་གོ་གནས་ཀྱི་ཕྱེད་ཀ་སྟེ121ལས་བརྒལ་ནས། ལོ་ངོ6རིང་གི་རྒྱལ་ཚོགས་ཀྱི་རྒྱུན་ལྡན་མིན་པའི་སྣང་ཚུལ་དེ་བསྒྱུར། སྲིད་བཟུང་མེད་པའི་ཏང་ཁག་ཆེས་ཆེན་པོ་དམངས་གཙོ་ཏང་གིས་འདེམ་བསྐོའི་ཁྲོད་ཕམ་ཁ་ཆེན་པོ་མྱངས་ཏེ་གོ་གནས17མ་གཏོགས་མ་ཐོབ། གོ་གནས་སྤྱིའི་གྲངས་ཀ་དེ་ཡང་འདེམ་བསྐོའི་སྔོན་གྱི86ནས་ད་ལྟ59མར་ལྷུང་།

  ད་ལྟ། རང་དབང་དམངས་གཙོ་ཏང་གཅིག་པུས་དམངས་གྲོས་ཁང་གི་གོ་གནས་ཕྱེད་ཀའི་ཡན་ཟིན་ཡོད་པ་དང་། གུང་མེན་ཏང་གི་གོ་གནས་བསྣན་ན། དམངས་གྲོས་ཁང་གི་གོ་གནས་སུམ་ཆའི་གཉིས་ཡན་བཟུང་ཡོད། སྲིད་འཛིན་མནའ་འབྲེལ་གྱིས་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་ལ་དབང་སྒྱུར་བའི་གནས་ཚུལ་འོག སྲིད་འཛིན་ཏང་དང་ཨན་པེ་སྲིད་གཞུང་གིས་རྗེས་ཕྱོགས་རྒྱལ་ཚོགས་ལ་སྤྲད་པའི་ཁྲིམས་གཞི་ལ་ཅུང་བདེ་བླག་ངང་གྲོས་འཆམ་འབྱུང་ཐུབ།

  འཇར་པན་གྱི་དབུ་བཞུགས་བློན་ཆེན། རང་དབང་དམངས་གཙོ་ཏང་གི་ཙུང་ཚའེ་ཨན་པེ་ཅིན་སན་གྱིས་འདེམ་བསྐོའི་རྗེས་སུ་གསར་འགྱུར་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འདེམ་དམངས་མང་ཆེ་ཤོས་ཀྱིས་གཏན་འཇགས་ཀྱི་ཆབ་སྲིད་ཁོར་ཡུག་འོག་ཏུ་དཔལ་འབྱོར་སྲིད་ཇུས་ལག་བསྟར་བྱེད་རྒྱུའི་རེ་བ་བཅངས་ཡོད་པ་དང་། དེའི་ནང་དུ་དཔལ་འབྱོར་འཕར་སྣོན་གྱི་འཐབ་ཇུས་ཀྱང་འདུ། ཁོས་དཔལ་འབྱོར་སྲིད་ཇུས་མྱུར་དུ་ལག་བསྟར་བྱས་ཏེ་མང་ཚོགས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་ཟེར། རྩ་ཁྲིམས་བཟོ་བཅོས་ཀྱི་གནད་དོན་སྐོར་གླེང་སྐབས། ཨན་པེ་ཡིས་སྔོན་ལ་ངེས་པར་དུ་རྒྱལ་ཚོགས་ནས་རྩ་ཁྲིམས་བཟོ་བཅོས་ཀྱི་ཇུས་གཞི་འདོན་དགོས་པ་དང་། དེའི་རྗེས་སུ་སྤྱི་དམངས་ལ་འདེམ་ཤོག་འཕེན་དུ་བཅུག་སྟེ་མང་ཚོགས་ཕྱེད་ཀའི་ཡན་དེར་འཐད་པ་འབྱུང་དགོས། རྗེས་ཕྱོགས་གཏན་འཇགས་ཀྱི་ཁོར་ཡུག་འོག་ཏུ་རྩ་ཁྲིམས་བཟོ་བཅོས་ཀྱི་གནད་དོན་འདི་ལ་གྲོས་སྡུར་བྱེད་རྒྱུ་ཡིན་ཞེས་བཤད།  །
  • ལེ་ཚན་སྔོན་མ།:རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་སོག་ཡུལ་དུ་ཚོགས་པ།
  • ལེ་ཚན་རྗེས་མ།:དབྱི་རག་བྱང་ཕྱོགས་ས་ཁུལ་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབ་སྟེ་བདེ་འཇགས་མི་སྣ8རྐྱེན་ལམ་དུ་ཤོར།
  • དོ་སྣང་ཆེ་བའི་རྩོམ།