ལིས་ཁི་ཆང་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་གླེང་མོལ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-05-28

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ5བའི་ཚེས26ཉིན་འཇར་མན་གྱི་ཙུང་ཐུང་བཞུགས་ཤག་ནས་ཙུང་ལི་མའོ་ཁི་ཨར་དང་གྲུབ་འབྲས་ལྡན་པའི་ཁྱབ་ཁོངས་ཆེ་ཆུང་གི་གྲོས་མོལ་མཛད།ཕྱོགས་གཉིས་ཀས་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་འབྱུང་འགྱུར་མཉམ་ལས་ཀྱི་ཁ་ཕྱོགས་དང་གནད་སར་འཆར་འགོད་བྱས་པར་མ་ཟད།ཀྲུང་གོ་དང་འཇར་མན་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཟེ་ཟབ་ཏུ་གཏོང་བའི་ཐད་ནས་ལྟ་བ་གཅིག་མཐུན་བྱུང་། 
  ལིས་ཁི་ཆང་གིས་ཀྲུང་གོ་དང་འཇར་མན་གཉིས་ནི་འཛམ་གླིང་སྟེང་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་ཡིན་པ་དང་།རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་ཕན་ཚུན་གྱི་ཁྱབ་ཁོངས་ལས་བརྒལ་ཏེ།མྱུར་དུ་གོང་འཕེལ་འབྱུང་བ་དང་སྒོ་ཀུན་ནས་ཇེ་མགྱོགས་སུ་གཏོང་བའི་དུས་སྐབས་ལ་སླེབ།ཀྲུང་གོ་དང་འཇར་མན་གྱི་ཁེ་ཕན་ལ་གཅིག་འདྲ་ཡིན་ས་མང་བ་དང་།མཉམ་ལས་ཀྱི་རྨང་གཞི་བརྟན་ལ།འབྲེལ་བའི་མདུན་ལྗོངས་ཡངས་བས།ཕྱོགས་གཉིས་ཀས་མཉམ་ལས་ལ་ཤུགས་སྣོན་རྒྱུ་དེ་རྒྱལ་ཁབ་གཉིས་ཀའི་ཁེ་ཕན་དང་མཐུན་པ་ལས་གཞན།ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་དང་འཛམ་གླིང་ལའང་ཕན་པ་ཡོད།ང་ཚོས་འཇར་མན་ཕྱོགས་དང་ལྷན་དུ་འབད་བརྩོན་བྱས་ཏེ།རྒྱལ་ཁབ་གཉིས་ཀའི་རིམ་པ་མང་པོ་དང་ཁྱབ་ཁོངས་ཆེན་པོའི་མཉམ་ལས་ལ་ཤུགས་བསྣན་ནས།ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་སྔར་ལས་ཇེ་བཟང་དུ་འགྲོ་བར་ཡར་སྐུལ་གཏོང་འདོད་ཡོད་ཅེས་གསུངས།
  ལིས་ཁི་ཆང་གིས་འཇར་མན་ནི་ངས་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་འཁུར་རྗེས་འཚམས་འདྲི་བྱེད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དང་པོ་ཡིན་པ་དང་།དེ་ལས་ཀྲུང་གོའི་སྐབས་གསར་བའི་སྲིད་གཞུང་གིས་ཡོ་རོབ་གླིང་བར་གྱི་འབྲེལ་བ་གོང་དུ་སྤེལ་བར་གཙིགས་འཛིན་བྱེད་པ་མཚོན་ཡོད།ཀྲུང་གོ་ཕྱོགས་ཀྱིས་རྟག་ཏུ་འཐབ་ཇུས་ཀྱི་མཐོ་ཚད་ནས་ཡོ་རོབ་གླིང་ལ་ལྟ་སྟངས་འཛིན་རྒྱུ་དང་།ཡོ་རོབ་གླིང་གཞི་གཅིག་ཏུ་བསྒྱུར་བའི་འཕེལ་རིམ་དང་ཡོ་རོབ་གླིང་གིས་ཡོ་རོབ་གླིང་གི་བུ་ལོན་གནད་དོན་ལ་ཁ་གཏད་འཇལ་བ་དང་།ཡོ་རོབ་གླིང་གི་དཔལ་འབྱོར་བརྟན་པོའི་ངང་གོང་དུ་སྤེལ་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ།ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་གླིང་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ཏེ་ལོ་བཅུ་འཁོར་བའི་ལོ་ཡིན་པས།ཕྱོགས་གཉིས་ཀའི་འབྲེལ་བ་ཇེ་བཟང་དུ་གཏོང་བར་གོ་སྐབས་གསར་བ་ལྡན།ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀས་ངེས་པར་དུ་མཉམ་ལས་བྱེད་པའི་ཆེ་ཕྱོགས་དང་འཕེལ་ཕྱོགས་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ་དང་།རྩད་གཞི་ཐག་གཅོད་ལེགས་པོ་བྱས་ཏེ།ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་ཕྱོགས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ལེགས་སུ་གཏོང་བར་ཡར་སྐུལ་གཏོང་དགོས་ཞེས་གསུངས།
  གྲོས་མོལ་གྱི་རྗེས་སུ།རྒྱལ་ཁབ་གཉིས་ཀའི་ཙུང་ལི་ཡིས་མཉམ་དུ་ཕན་ཚུན་དངུལ་གཏོང་དང་ནུས་ཁུངས་གྲོན་ཆུང་།ཁོར་ཡུག་སྲུང་སྐྱོབ།ཞིང་ལས་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆའི་སྟེང་མིང་འགོད་པར་བདེན་དཔང་བྱས།
  གྲོས་མོལ་གྱི་སྔོན་ལ།ལིས་ཁི་ཆང་མའོ་ཁི་ཨར་གྱིས་བསྡུས་པའི་དགའ་བསུའི་མཛད་སྒོར་ཞུགས་པར་མ་ཟད།མའོ་ཁི་ཨར་དང་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་སྐད་བརྡའི་ལོ་མགོ་བརྩམས་པ་ཁྱབ་བསྒྲགས་མཛད།  །
 
  • ལེ་ཚན་སྔོན་མ།:ཧན་གོས་ཁྲའོ་ཞན་གྱིས་ཐུང་འཕེན་འཕུར་མདའ་གསུམ་འཕངས་པར་བཤད་།
  • ལེ་ཚན་རྗེས་མ།:ཨུ་རུ་སིའི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར།
  • དོ་སྣང་ཆེ་བའི་རྩོམ།