རྒྱལ་སྤྱིའི་སྤྱི་ཚོགས་ནས་ཨ་རིའི་པོ་ཧྲི་ཏུན་འབར་གས་དོན་རྐྱེན་ལ་སྐྱོན་བརྗོད་བྱས་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-04-19

ཨ་རིའི་པོ་ཧྲི་ཏུན་དུ་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ4བའི་ཚེས15ཉིན་གྱི་ཕྱི་དྲོ་རྒྱལ་སྤྱིའི་མ་ལ་སུང་རྒྱུག་ཤར་འགྲན་བསྡུར་རིང་གློ་བུར་དུ་འབར་གས་དོན་རྐྱེན་ཐོན་ནས་མི3རྐྱེན་ལམ་དུ་ཤོར་བ་དང་མི176ལ་རྨས་སྐྱོན་ཕོག་ཡོད་པ་རེད། དོན་རྐྱེན་ཐོན་རྗེས། རྒྱལ་སྤྱིའི་སྤྱི་ཚོགས་ནས་གཅིག་རྗེས་གཉིས་མཐུད་ངང་དོན་དེར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད་རྐྱེན་ལམ་དུ་ཤོར་མཁན་དང་རྨས་མའི་ནང་མིར་འཚམས་འདྲི་ཞུས་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་གསུང་བཤད་གནང་ནས་སྙིང་པོ་མེད་པའི་གཏུམ་སྤྱོད་དོན་རྐྱེན་དེ་རིགས་ལ་སྐྱོན་བརྗོད་གནང་ཡོད་པ་རེད།

ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་ཨ་རིའི་ཙུང་ཐུང་ཨོ་པ་མར་གློག་འཕྲིན་བཏང་ནས། ཨུ་རུ་སུའི་ཕྱོགས་ནས་ནུས་ཤུགས་གང་ཡོད་ཀྱིས་ཨ་རིའི་ས་གནས་དབང་འཛིན་ལས་ཁུངས་ནས་ད་ཐེངས་ཀྱི་དོན་རྐྱེན་ལ་བརྟག་དཔྱད་བྱེད་པར་གཞོགས་འདེགས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝེ་ཅེ་ཧྥུས་སྤྱི་ཚོགས་འབྲེལ་བའི་དྲ་ཚིགས་ཐོག་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུས་ཡོད་པ་དང་ཆབས་ཅིག་ཉེས་བསགས་བྱ་སྤྱོད་དེར་སྐྱོན་བརྗོད་དྲག་པོ་གནང་ཡོད་པ་རེད། ཕོ་ལན་གྱི་ཙུང་ཐུང་ཁེ་མོ་ལོ་ཧྥུ་སི་ཅིས་ཨ་རིའི་ཙུང་ཐུང་ཨོ་པ་མར་འཚམས་འདྲིའི་གློག་འཕྲིན་བཏང་ནས། གདུག་རྩུབ་ཆེ་ཞིང་བླུན་རྨོངས་ཀྱི་ཐོག་ནས་ལུས་རྩལ་པར་འཇབ་རྒོལ་བྱེད་པའི་བྱེད་སྟངས་ལ་མང་ཚོགས་ཀྱིས་ཁོང་ཁྲོ་དྲག་པོ་བྱེད་ཀྱི་ཡོད་པས་སྐྱོན་བརྗོད་བྱེད་དགོས་ངེས་ཡིན་ཞེས་གསུངས་ཡོད་པ་རེད།

འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་མི་རྣམས་ཀྱིས་ཞི་བདེའི་ལུས་རྩལ་བྱེད་སྒོ་དེར་ཞུགས་སྐབས་ཁོང་ཚོར་འཇབ་རྒོལ་བྱས་པ་ནི་གདུག་རྩུབ་ཆེ་བ་ཞིག་ཡིན་ཞེས་གསུངས་འདུག ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏེས་ཧྥ་རན་སིས་ཨ་རི་སྲིད་གཞུང་དང་མི་དམངས་བར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད། ཨ་ཧྥི་ཀ་ནི་སི་ཐན་གྱི་ཙུང་ཐུང་གར་ཀྲ་དབྱིས་གསལ་བསྒྲགས་སྤེལ་ནས། ལོ་མང་རིང་འཇིགས་སྐུལ་འཇབ་རྒོལ་དང་མི་སེར་ཤི་རྨས་བྱུང་བ་བརྒྱུད། ཨབ་ཀ་ནི་སི་ཐན་མི་དམངས་ཀྱིས་འབར་གས་དོན་རྐྱེན་གྱིས་མི་དམངས་ལ་བཟོས་པའི་སྡུག་བསྔལ་དང་གནོད་འཚེ་གང་འདྲ་ཡོད་མེད་དེ་བས་མྱོང་ཚོར་ཐུབ་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:༼རླུང་དམར་འུར་འུར༽རྒྱ་འགྱུར་མ་ཧང་ཀང་དུ་པར་སྐྲུན་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:དབྱི་རན་དང་ཕ་ཀི་སི་ཐན་གྱི་མཐའ་མཚམས་ས་ཁུལ་དུ་ས་ཡོམ་དྲག་པོ་བརྒྱབ་ནས་མི40རྐྱེན་ལམ་དུ་ཤོར་བ།
  • དོ་སྣང་ཆེ་བའི་རྩོམ།