མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-07-13
འདི་ནི་སཱ་ན་ནས་ཟླ་གཉིས་ཀྱི་རིང་ལ་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་ཐེངས་གཉིས་པ་རེད། ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན། སཱ་ན་གྲོང་ཁྱེར་དཀྱིལ་དབུས་ཀྱི་ཨ་ས་པེ་ཐང་ཆེན་དུ། ཡེ་མིན་བདེ་སྲུང་དམག་དཔུང་གིས་རྒྱལ་སྟོན་དམག་གཟིགས་ལ་གྲ་སྒྲིག་བྱེད་པའི་སྦྱོང་བརྡར་བྱེད་མགོ་བརྩམས་མ་ཐག དམག་གཟིགས་དཔུང་སྡེའི་ཁྲོད་དུ་འཛུལ་བའི་དྲག་ཆས་མི་སྣ་ཞིག་གིས་མི་ཚོགས་ཀྱི་ཁྲོད་ནས་ལུས་སྟེང་གི་འགད་རྫས་འགས་གཏོར་བཏང་སྟེ། མི་བརྒྱ་ལྷག་བསད་པ་དང་། མི་ཉིས་བརྒྱ་ལྷག་རྨས།
ཐེངས་འདིར་འགས་གཏོར་བྱུང་སའི་ཉེན་རྟོག་སློབ་གླིང་དང་ཨ་ས་པེ་ཐང་ཆེན་བར་དུ་མུས་བརྒྱ་ཕྲག་མ་གཏོགས་མེད་ལ། ཐང་ཆེན་དུ་ཐེངས་སྔོན་མའི་འཇིགས་སྐུལ་འཇབ་རྒོལ་ཁྲོད་ཀྱི་འདས་པོའི་འདྲ་པར་དང་དེ་དག་ལ་ཕུལ་བའི་མེ་ཏོག་ད་དུང་རང་སར་བཞག་ཡོད།
ཡེ་མིན་གྱི་གཟའ་འཁོར་རེའི་ངལ་གསོའི་ཉིན་མོ་ནི་གཟའ་ཕུར་བུ་དང་སྤེན་གཉིས་ཡིན་ལ། འགས་གཏོར་བྱུང་སྐབས་ཉེན་རྟོག་སློབ་གླིང་གི་སློབ་མས་གཟའ་འཁོར་གཅིག་གི་སློབ་སྦྱོང་བྱས་རྗེས་ཡུལ་ལ་ངལ་གསོ་རུ་འགྲོ་བཞིན་ཡོད་པ་དང་། དྲག་ཆས་མི་སྣས་སློབ་མ་རྣམས་སྒོ་རུ་ཐོན་སྐབས་མི་ཚོགས་ཀྱི་ཁྲོད་དུ་འཛུལ་ནས་འགད་རྫས་འགས་གཏོར་བཏང་།
གསར་འགོད་པ་འགས་གཏོར་བྱུང་སར་འབྱོར་སྐབས། ཨ་རིའི་དམག་དཔུང་གི་འཇིགས་སྐུལ་ངོ་རྒོལ་ཆེད་མཁས་ཚན་ཆུང་དང་ཡེ་མིན་གྱི་བདེ་སྲུང་དམག་དཔུང་གི་དམག་མིས་ཉེན་རྟོག་སློབ་གླིང་བཀག་སྡོམ་བྱས་ཡོད་པ་དང་། ཡུལ་དངོས་ཀྱི་མྱུར་སྐྱོབ་མི་སྣས་འདས་པོ་དང་རྨས་མ་མྱུར་སྐྱོར་རླངས་འཁོར་དུ་བཞག་སྟེ་ཉེ་འདབས་ཀྱི་ཉེན་རྟོག་སྨན་ཁང་དུ་སྐྱེལ་བཞིན་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10