ཁུན་ནེ་ཡཱའི་བྱང་ཕྱོགས་ས་ཁུལ་དུ་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།
ཞིན་ཧྭ་གསར་འགྱུར་དྲ་བ། 2012-07-03
ཁུན་ནེ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཟླ་བདུན་པའི་ཚེས་གཅིག་ཉིན་བཤད་རྒྱུར།ཁུན་ནེ་ཡཱའི་བྱང་ཕྱོགས་ཀྱི་ཅཱ་ལི་སཱ་ས་ཁུལ་ནས་ཉིན་དེའི་སྔ་དྲོར་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ།ཉུང་མཐར་ཡང་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་།གཞན་ཡང་མི་བཞི་བཅུ་ལ་རྨས་ཕོག་ཟེར།ཉེན་རྟོག་ཕྱོགས་ཀྱི་འགན་ཁུར་བ་ཨིན་ཏའོ་ལོ་ཡིས་བཤད་རྒྱུར།དྲག་ཆས་མི་སྣས་ཉིན་དེར་ཅཱ་ལི་སཱ་ས་ཁུལ་གྱི་ཆོས་ཁང་གཉིས་ལ་འཇབ་རྒོལ་བྱས་པ་དང་།ཆོས་ཁང་ནང་དུ་ལག་སྦོམ་འཕང་བར་མ་ཟད་མེ་མདས་བརྒྱབ་སྟེ།བུད་མེད་བཅུ་དང་སྐྱེས་པ་ལྔ།བྱིས་པ་ལོ་ཆུང་གཅིག་བཅས་རྐྱེན་ལམ་དུ་ཤོར་ཟེར།ཨིན་ཏའོ་ལོ་ཡིས་བསྟན་དོན།ཉེན་རྟོག་ཕྱོགས་ཀྱིས་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་དེ་གཉིས་ལ་རྟོག་ཞིབ་བྱེད་མགོ་བརྩམས་པ་དང་།ཁུན་ནེ་ཡཱའི་དམག་ཕྱོགས་ཀྱིས་བདེ་འཇགས་དམག་དཔུང་མངག་ནས་འཇབ་རྒོལ་བྱས་པའི་དྲག་ཆས་མི་སྣ་འཛིན་བཟུང་བྱས་ཟེར།ཁོས་ད་རུང་གནས་ཚུལ་ཤེས་མཁན་གྱིས་ཉེན་རྟོག་ཕྱོགས་ལ་འབྲེལ་ཡོད་ཁུངས་སྣེ་འདོན་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་།མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་གཉིས་བཟོས་པ་ཁས་ལེན་བྱས་མེད།