ཧུའུ་ཅིན་ཐའོ་ཡིས་ཁྲོ་ཞན་ངལ་རྩོལ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཚེ་དབང་རྣམ་རྒྱལ།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-04-24

ཟླ་4པའི་ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཁྲོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྗེས་སྣོན་ཨུ་ཡོན་ནམ། ཀྲུང་དབྱང་ཧྲུའུ་ཅི། རྒྱལ་སྤྱི་པུའུ་ཡི་པུའུ་ཀྲང་ཅིན་ཡུང་རི་ཡིས་ཁྲིད་པའི་ཁྲོ་ཞན་ངལ་རྩོལ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ཧུའུ་ཅིན་ཐའོ་ཡིས་ཐོག་མར་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་ནས་བློ་མཐུན་ཅིན་ཀྲིན་ཨུན་ཁྲོ་ཞན་ངལ་རྩོལ་ཏང་གི་ཧྲུའུ་ཅི་དང་པོར་བསྐོས་པར་ཡང་བསྐྱར་རྟེན་འབྲེལ་ཞུས།
ཧུའུ་ཅིན་ཐའོ་ཡིས་གསུང་དོན། ཁྲོ་ཞན་ངལ་རྩོལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་དང་ཆེས་མཐོ་མི་དམངས་གྲོས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་བསྡུས་ལ། འདི་ནི་ཁྲོ་ཞན་ཏང་དང་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ཞིང་།  ཁྲོ་ཞན་ཏང་དང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་སྔ་མཐུད་ཕྱི་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན། ང་ཚོས་བློ་མཐུན་ཅིན་ཀྲིན་ཨུན་གྱི་མགོ་ཁྲིད་འོག་ཁྲོ་ཞན་ངལ་རྩོལ་ཏང་དང་སྲིད་གཞུང་གིས་ཁྲོ་ཞན་མི་དམངས་ཁྲིད་ནས་མཐུན་སྒྲིལ་འབད་བརྩོན་དང་གསར་གཏོད་ཡར་བརྩོན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་པའི་ལས་དོན་ཁྲོད་མུ་མཐུད་དུ་གྲུབ་འབྲས་གསར་པ་ལོན་པར་ཡིད་ཆེས་ཡོད་ཅེས་བསྟན།
ཧུའུ་ཅིན་ཐའོ་ཡིས་བསྟན་དོན། ཀྲུང་ཁྲོའི་སྲོལ་རྒྱུན་མཛའ་མཐུན་ནི་རྒྱལ་ཁབ་གཉིས་ཀྱི་གསར་བརྗེ་རྒན་རབས་པས་དངོས་སུ་བསྐྲུན་ཞིང་སྐྱེད་སྲིང་བྱས་པ་ཡིན་ལ། འདིནི་ང་ཚོའི་ཐུན་མོང་གི་རྒྱུ་ནོར་རྩ་ཆེན་ཡིན། ཀྲུང་ཁྲོ་མཛའ་མཐུན་མཉམ་ལས་འབྲེལ་བ་རྒྱུན་མ་ཆད་པར་ཇེ་བརྟན་དང་ཇེ་ཟབ་ཏུ་གཏོང་བ་ནི་ཀྲུང་གོའི་ཏང་དང་སྲིད་གཞུང་གི་འགྱུར་མེད་ཀྱི་བྱེད་ཕྱོགས་ཡིན། ང་ཚོས་སྔར་བཞིན་དུ་སྲོལ་རྒྱུན་རྒྱུད་འཛིན་དང་མ་འོངས་པར་ཁ་ཕྱོགས་པ། ཁྱིམ་མཚེས་མཛའ་མཐུན། མཉམ་ལས་ཤུགས་སྣོན་བྱས་ནས་ཁྲོ་ཞན་གྱི་བློ་མཐུན་རྣམས་དང་ལྷན་དུ་མཐོ་རིམ་འགྲོ་འོང་དང་ཏང་ཁག་བར་གྱི་སྤེལ་རེས་སྲུང་འཛིན་དང་། དངོས་སྒྲུབ་མཉམ་ལས་དང་ཁྱིམ་མཚེས་མཛའ་མཐུན་ལ་ཤུགས་སྣོན། རྒྱལ་སྤྱི་དང་ས་གནས་གནད་དོན་ཐད་ཀྱི་འཐབ་ཇུས་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་བཅས་བྱས་ནས་ཕྱེད་གླིང་ཡུན་རིང་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་དང་། ཨེ་ཤ་ཡ་བྱང་ཤར་གྱི་ཡུན་རིང་གཏན་འཇགས་མངོན་འགྱུར་བྱས་ནས་མཉམ་དུ་དར་རྒྱས་གོང་འཕེལ་འབྱུང་བར་ཡར་སྐུལ་བྱེད་པར་འབད་པ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བསྟན།
ཅིན་ཡུང་རི་ཡིས་བཤད་རྒྱུར། ཁྲོ་ཞན་ངལ་རྩོལ་ཏང་དང་ཁྲོ་ཞན་ཆེས་མཐོ་མི་དམངས་གྲོས་ཚོགས་ཀྱིས་ཉེ་ཆར་སྔ་གཞུག་ཏུ་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་དང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་བདེ་བླག་ངང་བསྡུས་ནས་བློ་མཐུན་ཅིན་ཀྲིན་ཨུན་ཁྲོ་ཞན་ངལ་རྩོལ་ཏང་གི་ཧྲུའུ་ཅི་དང་པོ་དང་ཁྲོ་ཞན་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་པོར་བསྐོས་ནས་ཁྲོ་ཞན་མི་དམངས་ཀྱིས་ཀྲུའུ་ཞི་ཅིན་རི་ཁྲིན་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་རི་གཉིས་ཀྱི་ཐུགས་རེ་རྒྱུད་འཛིན་བྱས་ཏེ་ཁྲོ་ཞན་གསར་བརྗེ་དང་འཛུགས་སྐྲུན་ལས་དོན་མུ་མཐུད་དུ་སྐུལ་འདེད་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད་ཟེར། ཅིན་ཡུང་རི་ཡིས་བསྟན་དོན། ཁྲོ་ཞན་ཕྱོགས་ཀྱིས་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཚན་རིག་དང་མཐུན་པའི་གོང་སྤེལ་གྱི་ལྟ་བ་དངོས་འབེབས་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཁྲོད་གྲུབ་འབྲས་བླངས་པར་ཡིད་ཧ་ཅང་དགའ་ཡོད་ཟེར།
ཅིན་ཡུང་རི་ཡིས་བཤད་རྒྱུར། ཁྲོ་ཀྲུང་གི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་མི་རབས་འགས་དངོས་སུ་སྐྱེད་སྲིང་བྱས་ལ།   ཁྲོ་ཞན་ཕྱོགས་ཀྱིས་ཏང་གཉིས་དང་རྒྱལ་ཁང་གཉིས་ཀྱི་འབྲེལ་བ་མུ་མཐུད་ནས་གོང་དུ་འཕེལ་བར་ཡིད་ཤིན་ཏུ་དགའ་ཡོད། ཁྲོ་ཀྲུང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་མུ་མཐུད་ནས་གོང་དུ་སྤེལ་བ་ནི་ཀྲུའུ་ཞི་ཅིན་རི་ཁྲིན་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་རི་གཉིས་ཀྱི་ཞལ་གདམས་ཡིན་ལ། ཁྲོ་ཞན་ངལ་རྩོལ་ཏང་གི་འགྱུར་མེད་ཀྱི་ལངས་ཕྱོགས་ཀྱང་ཡིན། ཁྲོ་ཞན་ཕྱོགས་ཀྱིས་སྔར་བཞིན་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་མུ་མཐུད་ནས་མདུན་དུ་སྐུལ་བར་འབད་པ་བྱ་རྒྱུ་ཡིན་ཞེས་བསྟན། རྒྱལ་སྲིད་ཨུ་ཡོན་ཏའེ་པིན་ཀའོ་དང་ཀྲུང་གུང་ཀྲུང་དབྱང་ཕྱི་འབྲེལ་འདྲིས་པུའུ་ཡི་པུའུ་ཀྲང་ཝང་ཅ་རོས་སོགས་མཇལ་འཕྲད་གནང་བར་ཞུགས་ཡོད། 

  • ལེ་ཚན་སྔོན་མ།:དབྱིན་ཡུལ་ནས་སྙན་ངག་གི་འདུ་ཚོགས་གཟབ་རྒྱས་ཆེ་བ་ཞིག་བསྡུ་འཆར་འདུག
  • ལེ་ཚན་རྗེས་མ།:ཝུན་ཅ་པའོ་ཡིས་ཕོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་ལ་གྲོས་མོལ་གནང་།
  • དོ་སྣང་ཆེ་བའི་རྩོམ།