མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-03-23
ཞིན་ཧྭ་གསར་འགྱུར་ཁངགི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་ལིས་ཁྲང་ཁྲུན་ཟླ3པའི་ཚེས21ཉིན་གྱི་ཕྱི་དྲོར་པེ་ཅིན་ཀྲུང་གོ་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་ཕེབས་ནས། ཀྲུང་གོ་རྒྱལ་སྤྱིའི་རྒྱང་སྒྲོག་བརྙན་འཕྲིན་དྲ་བའི་འགྲེམ་སྟོན་ཚོགས་ཆེན་སྐབས་ཉི་ཤུ་པར་གཟིགས་སྐོར་གནང་།
འགྲེམ་སྟོན་ཁང་དུ་ལིས་ཁྲང་ཁྲུན་གྱིས་དགའ་སྤྲོའི་ངང་ནས་ཐད་གཏོང་འཁོར་སྐར་ཁྱིམ་ཚང་རེ་རེར་སྦྲེལ་བའི་ལས་གཞི་དང་ཀྲུང་གོའི་དཀྱུས་ཞེང་དཔངས་གསུམ་ལངས་གཟུགས་བརྙན་འཕྲིན་ཚོད་ལྟ་འཕྲིན་ལམ་འགྲེམ་སྟོན་བྱས་པར་གཟིགས་སྐོར་གནང་བ་དང་། རྒྱལ་ཁབ་ཀྱི་སྨྱན་བྱད་གསར་བའི་ཕྱོགས་བསྡུས་འཕྲིན་གཏོང་གི་སྤྱིའི་སྟེགས་བུའི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་མཛད་པ་མ་ཟད། ཕྱོགས་ཡོངས་ནས་དྲ་གསུམ་གཅིག་བསྡུས་བྱས་པའི་ལས་དོན་སྟེགས་བུ་དང་ཀྲུང་གོའི་འགུལ་སྐྱོད་སྨྱན་མང་གཟུགས་རླུང་འཕྲིན་མཉམ་འབྲེལ་ལག་རྩལ་བཀོལ་སྤྱོད་བྱེད་པ། བརྙན་རིས་རྩིས་འགོད་དང་རིག་ནུས་ཅན་གྱི་བརྙན་འཕྲིན་སོགས་གྲུབ་འབྲས་གསར་བ་ལ་གཟུགས་སྐོར་གནང་ནས། ཉེ་བའི་ལོ་འགའི་རིང་རྒྱང་སྒྲོག་བརྙན་འཕྲིན་མ་ལག་གིས་ཚན་རིག་གསར་གཏོད་དང་དེང་རབས་ཀྱི་བརྒྱུད་གཏོང་མ་ལག་འཛུགས་བསྐྲུན་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད།
ལིས་ཁྲང་ཁྲུན་གྱིས་དེང་རབས་ཀྱི་བརྒྱུད་གཏོང་མ་ལག་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་ཤན་ཤུགས་ཇེ་ཆེར་གཏོང་བ་ནི་ཏང་གི་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་དུ་བཏོན་པའི་འཐབ་ཇུས་ཀྱི་ལས་འགན་ཞིག་ཡིན་པས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། རིག་གནས་དང་ཚན་རྩལ་མཉམ་དུ་སྤེལ་བ། སྔོན་ཐོན་གྱི་ཚན་རིག་ལག་རྩལ་བཀོལ་ནས་དེང་རབས་བརྒྱུད་གཏོང་མ་ལག་འཛུགས་བསྐྲུན་བྱས་ཏེ་རྒྱུན་ཆད་མེད་པའི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གསར་བ་ཡིས་རང་རྒྱལ་གྱི་དེང་རབས་བརྒྱུད་གཏོང་མ་ལག་འཛུགས་བསྐྲུན་བྱེད་པའི་ཕན་ནུས་གསར་བ་བརྩོན་ལེན་བྱེད་དགོས། འཛམ་གླིང་གི་རྒྱང་སྒྲོག་བརྙན་འཕྲིན་ཁྱབ་ཁོངས་ཀྱི་ཚན་རྩལ་འཕེལ་རྒྱས་མདུན་ལྗོངས་ལ་དམིགས་ནས་རང་བདག་གསར་སྐྲུན་གྱི་ཤེས་བྱའི་ཐོན་དབང་ཡོད་པའི་ལག་རྩལ་གཙོ་བོ་དང་ཐུན་མོང་གི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་དགོས་པ་མ་ཟད། རང་རྒྱལ་གྱི་རྒྱང་སྒྲོག་བརྙན་འཕྲིན་ཁྱབ་ཁོངས་ཀྱི་རང་བདག་གསར་བསྐྲུན་བྱེད་པའི་ནུས་པ་དང་ལག་རྩལ་སྒྲིག་ཆས་ཀྱི་ཆུ་ཚད་ངེས་པ་དོན་གྱིས་མཐོར་འདེགས་སུ་གཏོང་དགོས། ཁེ་ལས་གཙོར་འཛིན་པ་དང་ཚོང་རར་ཁ་ཕྱོགས་པ། ཐོན་སྐྱེད་དང་སློབ་སྦྱོང་། ཞིང་འཇུག་བཅས་ཟུང་དུ་འབྲེལ་བའི་རིག་གནས་ལག་རྩལ་གསར་སྐྲུན་གྱི་མ་ལག་གསར་བ་འཐུས་ཚང་དུ་བཏང་ནས་གསར་སྐྲུན་གྱི་ནུས་པ་ལྡན་པ་དང་། རྩ་བའི་ལག་རྩལ་དང་མཚན་སྙན་གྲགས་ལྡན་པའི་རྒྱང་སྒྲོག་བརྙན་འཕྲིན་གྱི་ཚན་རྩལ་ཁེ་ལས་སྐོར་ཞིག་སྐྱེད་སྲིང་བྱེད་དགོས་པ་མ་ཟད། རང་རྒྱལ་གྱི་རིག་གནས་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་སོགས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས། ཕྱི་ཕྱོགས་ནས་ལས་དོན་གཉེར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། རྒྱང་སྒྲོག་བརྙན་འཕྲིན་གྱི་ལག་རྩལ་སྒྲིག་ཆས་དང་ཞབས་ཕྱི་སྒྲུབ་པའི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཇེ་ཆེར་བཏང་ནས་ཀྲུང་ཧྭའི་རིག་གནས་གཞན་ཡུལ་དུ་སྤེལ་བར་བྱས་རྗེས་འཇོག་དགོས་ཞེས་གསུངས།
ལིག་ཡུན་ཧྲན་དང་ལིན་ཡན་ཏུང་གཉིས་ཀྱིས་ལིས་ཁྲང་ཁྲུན་དང་མཉམ་དུ་གཟིགས་སྐོར་བྱས།
རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི་ཀྲུང་གོ་རྒྱལ་སྤྱིའི་རྒྱང་སྒྲོག་བརྙན་འཕྲིན་ཆ་འཕྲིན་དྲ་བའི་འགྲེམ་སྟོན་ཚོགས་ཆེན་ནི་རྒྱལ་ནང་དང་། ཐ་ན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་ཁག་གི་རྣམ་པ་ཆེས་ཆེ་བའི་ལག་རྩལ་སྒྲིག་ཆས་འགྲེམ་སྟོན་སྟེགས་བུ་ཡིན་པ་མ་ཟད། འཛམ་གླིང་གི་སྙན་གྲགས་ཅན་གྱི་གྲངས་ཅན་བརྙན་འཕྲིན་དང་དྲ་བའི་ལས་རིགས་ཁག་གི་འགྲེམ་སྟོན་ཚོགས་ཆེན་ཡིན། ཐེངས་འདིའི་འགྲེམ་སྟོན་ཚོགས་ཆེན་གྱིས་གསར་གཏོད་དང་གཅིག་བསྡུས། ཞབས་ཞུ་བཅས་ཀྱི་འདུ་ཤེས་གཙོར་བཟུང་ཡོད་ལ། ཨེ་ཤ་ཡ་དང་ཡོ་རོབ། མེ་གླིང་སོགས་ཀྱི་རྒྱལ་ཁབ་ས་ཁུལ30ཡི་བཟོ་གྲྭ་དང་ཁེ་ལས1000ལྷག་འགྲེམ་སྟོན་ལ་ཞུགས་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10