2012-01-05
དབྱི་ལིང་དམག་དཔུང་གི་དམག་སྤྱི་ཨ་ཐ་ཝུའུ་ལ་ས་ལེ་ཞི་ཡིས་ཚེས་གསུམ་ཉིན་ཉེ་སྔོན་ཧའོ་ཨར་མུའུ་ཙི་མཚོ་འགག་བརྒྱུད་པའི་ཨ་རིའི་གནམ་གྲུ་འབབ་འཕུར་བྱེད་སའི་གྲུ་གཟིངས་ཕྱིར་པའོ་སི་མཚོ་ཁུག་ཆུ་རྒྱུད་དུ་ཕྱིར་འོངས་མི་ཆོག་པའི་ཉེན་བརྡ་བཏང་ཞིང་། གལ་ཏེ་ཕྱིར་འོངས་ཚེ་དབྱི་ལིང་གིས་རྒོལ་ལན་སྤྲོད་ངེས་ཡིན་ཟེར།
ཨ་ཐ་ཝུ་ལ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་དོན། དབྱི་ལིང་མཚོ་དམག་གིས་ཨ་རིའི་གནམ་གྲུ་འབབ་འཕུར་བྱེད་སའི་གྲུ་གཟིངས་ཤིག་དབྱི་ལིང་འགོག་སྲུང་དགུ་ཐིག་དམག་མིའི་སྦྱོང་བརྡར་གྱི་སྐབས་སུ་པའོ་སི་ཝན་མཚོ་ཁུག་ནས་ཧའོ་ཨར་མུའུ་ཙི་བརྒྱུད་དེ་མཐར་ཨ་མན་མཚོ་ཁུག་ཏུ་བསྡད་ཟེར། ཨ་ཐ་ཝུའུ་ལ་ཡིས་གནམ་གྲ་འབབ་འཕུར་བྱེད་སའི་གྲུ་གཟིངས་དེ་པའོ་སི་ཝན་མཚོ་ཁུག་ཏུ་ཕྱིར་འོངས་མི་ཆོག་ཞེས་ཉེན་བརྡ་བཏང་བ་དང་། གལ་ཏེ་ཕྱིར་འོངས་ཚེ་དབྱི་ལིང་གིས་བསམ་འཆར་ཁོ་ན་འདོན་པ་ཙམ་མ་ཡིན་པར་བྱེད་ཐབས་ལག་བསྟར་བྱ་རྒྱུ་ཡིན་ཟེར།དབྱི་ལིང་གི་ཉེན་བརྡའི་ཁ་གཏད་དུ་ལངས་ནས་ཨ་རིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པས་ལེ་ཐི་ཨར་གྱིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ་བཤད་དོན། ཨ་རིའི་གནམ་གྲ་འབབ་འཕུར་བྱེད་སའི་གྲུ་གཟིངས་ཧའོ་ཨར་མུའུ་ཙི་མཚོ་ཁུག་བརྒྱུད་ནས་སོང་བ་དེ་རྒྱལ་སྤྱིའི་ཁྲིམས་སྲོལ་གྱི་གཏན་འབེབ་དང་མཐུན་པ་མ་ཟད། པའོ་སི་ཝན་གྱི་ཨ་རིའི་དམག་དོན་བཀོད་སྒྲིག་ཀྱང་ལོ་ངོ་བཅུ་ཕྲག་འགའི་ཡར་སྔོན་ནང་བཞིན་མུ་མཐུད་དུ་གནས་དེར་འདུག་རྒྱུ་ཡིན་ཟེར། དེ་མིན་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཝེ་ཏོ་ལེ་ཡ་ཉི་ལན་གྱིས་ཉིན་དེར་ཨ་རིས་དབྱི་ལིང་ལ་འགོག་རྒོལ་བྱེད་འདོད་པ་མ་ཡིན་ཏེ། གང་ལྟར་འཛམ་གླིང་མཚོ་འགྲུལ་རང་དབང་ལྟར་མུ་མཐུད་དུ་རང་སྟེང་གི་ནུས་པ་འདོན་པར་ཁག་ཐེག་བྱ་རྒྱུ་ཡིན་ཟེར།ཟླ་སྔོན་མའི་ཚེས་ཉེར་བཞི་ཉིན་ནས་མགོ་བརྩམས་ཏེ་དབྱི་ལིང་གིས་ས་དེའི་ལྷོ་རྒྱུད་མཚོ་ཁུལ་དུ་དམག་སྲུང་དགུ་ཐིག་དམག་མིའི་སྦྱོང་བརྡར་བྱས་ཤིང་། དམག་མིའི་སྦྱོང་བརྡར་ས་ཁོངས་སུ་དབྱི་ལིང་ལྟ་ཞིབ་ལས་ཁུངས་ཀྱིས་ཨ་རིའི་ཡའོ་ཧན་སི་ཐེ་ནེ་སི་རྟགས་ཅན་གྱི་གནམ་གྲུ་འབབ་འཕུར་བྱེད་སའི་གྲུ་གཟིངས་ཀྱི་དཔེ་དབྱིབས་དང་བརྙན་གཟུགས་ཕབ་ལེན་བྱས་པ་མ་ཟད། དེ་སྔ་མོ་ནས་བཀོད་སྒྲིག་བྱས་པའི་གནམ་གྲུ་འབབ་འཕུར་བྱེད་སའི་གྲུ་གཟིངས་ཀྱི་འགྲུལ་བཞུད་ཅིག་ཡིན་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10