ཟླ12པའི་ཚེས10ཉིན། མེ་གསོད་མི་སྣས་ཧྥེ་ལེ་པེན་གྱི་རྒྱལ་ས་མཱ་ནེ་ལཱ་རུ་གནམ་གྲུ་ལྷུང་སར་མེ་གསོད་བཞིན་པ། ཚེས10ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། གནམ་གྲུ་ཆུང་བ་ཞིག་ཉིན་དེར་ཧྥེ་ལེ་པེན་གྱི་རྒྱལ་ས་མཱ་ནེ་ལཱ་ནས་སར་ལྷུང་སྟེ་མི12རྐྱེན་ལམ་དུ་ཤོར་ཟེར།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་གྱི་གནམ་གྲུ་ཆུང་བ་ཞིག་ཚེས10ཉིན་རྒྱལ་ས་མཱ་ནེ་ལཱ་ས་ཁུལ་གྱི་ཕཱ་ལཱ་ནེ་ཡཱ་ཁི་གྲོང་ཁྱེར་གྱི་སློབ་ཆུང་ཞིག་གི་ཉེ་འདབས་སུ་ལྷུང་སྟེ་མི12རྐྱེན་ལམ་དུ་ཤོར།
ཧྥེ་ལེ་པེན་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཅུའུ་ཡི་འགན་ཁུར་བ་ཀུའུ་ཐིས་ལོས་སི་ཡིས་བཤད་རྒྱུར། སྒེར་གྱི་གནམ་གྲུ་ཆུང་བ་དེ་མཱ་ནེ་ལཱའི་རྒྱལ་ནང་གནམ་གྲུ་ཐང་ནས་འཕུར་རྗེས་ཅང་མ་འགོར་བར་ཆག་སྐྱོན་བྱུང་སྟེ། ཉིན་དེའི་ཕྱི་དྲོའི་དུས་ཚོད2:45སྟེང་ཕཱ་ལཱ་ནེ་ཡཱ་ཁི་གྲོང་ཁྱེར་གྱི་སྲང་ལམ་ཞིག་ཏུ་ལྷུང་རྗེས་འགས་གཏོར་བྱུང་ནས་མེར་འབར་བ་དང་། ཉེ་འདབས་ཀྱི་སློབ་ཆུང་ཞིག་གི་ཁང་བར་མེ་སྐྱོན་བྱུང་། མིག་སྔར་མི12རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཤི་བོ་མང་ཤས་བྱིས་པ་ཡིན་ལ། གཞན་ཡང་མི20ཙམ་ལ་རྨས་ཕོག་ཡོད་ཟེར།
ཀུའུ་ཐིས་ལོས་སི་ཡིས་བཤད་རྒྱུར། མི་དྲུག་བསྡད་ཆོག་པའི་གནམ་གྲུ་ཆུང་བ་དེ་མཱ་ནེ་ལཱ་ནས་མེན་ཏུའུ་ལོ་གླིང་ཕྲན་དུ་འཕུར་རྩིས་རེད་ཟེར། གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་མིག་སྔར་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན། །