མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-05-27
ཟླ5བའི་ཚེས25ཉིན། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བུའུ་པང་གོ་ཡིས་ཁེ་ཕུའུ་ཏུན་ནས་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་ཙུང་ཐུང་ཙུའུ་མཱ་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་རྒྱལ་ཁབ་ཏུ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་བཞིན་པའི་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བུའུ་པང་གོ་ཡིས་ས་དེའི་དུས་ཚོད་ཀྱི་ཟླ5བའི་ཚེས25ཉིན་གྱི་ཕྱི་དྲོར་ཙུང་ཐུང་བཞུགས་ཤག་ནས་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་ཙུང་ཐུང་ཙུའུ་མཱ་ལ་མཇལ་འཕྲད་གནང་།
བུའུ་པང་གོ་ཡིས་ཐོག་མར་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཙུང་ཐུང་ཙུའུ་མཱར་སྙིང་ཉེ་བའི་ངང་ནས་འཚམས་འདྲི་བྱས་པ་བརྒྱུད་སྒྲོག་བྱས་པ་དང་། ཙུའུ་མཱ་ཡིས་དེ་ལ་བཀའ་དྲིན་ཞུས་པར་མ་ཟད། ཨུ་ཡོན་ཀྲང་བུའུ་པང་གོ་བརྒྱུད་དེ་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ལ་སྨོན་འདུན་བཟང་པོ་ཞུས།
བུའུ་པང་གོ་ཡིས་ཉེ་བའི་འགར། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་བར་གྱི་འབྲེལ་བ་མྱུར་དུ་འཕེལ་རྒྱས་བྱུང་། ན་ནིང་ཙུང་ཐུང་ལགས་ཀྱིས་ཀྲུང་གོར་ཕུན་སུམ་ཚོགས་པའི་འཚམས་འདྲི་བྱས་པ་དང་། ཕྱོགས་གཉིས་ཀས་པེ་ཅིན་བསྒྲགས་གཏམ་སྤེལ་ཏེ། ཕྱོགས་གཉིས་ཀའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པའི་འབྲེལ་བའི་རིམ་པར་སྤར། ཟླ་སྔོན་མར་ཀྲུའུ་ཞི་ཧུའུ་ཅིན་ཐའོ་དང་སྐུ་ཞབས་ལགས་པ་ཞི་དང་ཨུ་རུ་སི། རྒྱ་གར། ཀྲུང་གོ ཨ་ཧྥེ་རི་ཁ་ལྷོ་མ་བཅས་རྒྱལ་ཁབ་ལྔའི་གྲོས་མོལ་ཐེངས་གསུམ་པའི་སྐབས་སུ་ཡང་བསྐྱར་མཇལ་འཛོམས་བྱུང་ནས། ཀྲུང་གོ་དང་ཨ་ཧྥེ་རུ་ཁ་ལྷོ་མའི་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་ལྟ་བ་གཅིག་མཐུན་བྱུང་། ང་རང་ཐེངས་འདིར་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཏུ་འཚམས་འདྲིར་ཡོང་བའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀའི་མགོ་གཙོའི་བར་ཐུག་འཕྲད་བྱས་པའི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་འབྲེལ་བ་གོང་དུ་སྤེལ་བར་ཡར་སྐུལ་གཏོང་བའི་ཆེད་དུ་ཡིན་ལ། རེ་བ་ལ་ཕྱོགས་གཉིས་ཀས་ཁྱབ་ཁོངས་མང་པོའི་ནང་དུ་མཐུན་སྦྱོར་དང་གཞོགས་འདེགས་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས།
རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་པས་ད་དུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གཙོ་བོའི་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་བྱས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་འཁུར་མཁན་ལིས་ཅན་གོ་སོགས་ཀྱང་གོང་གི་བྱ་འགུལ་ལ་ཞུགས།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བུའུ་པང་གོ་ནི་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཞི་སུའུ་ལུའུ་ཡིས་གདན་དྲངས་པ་ལྟར། ས་དེའི་ཚེས23ཉིན་གྱི་དགོང་མོར་ཁེ་ཕུའུ་ཏུན་ལ་འབྱོར་ཏེ། ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཏུ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་མགོ་བརྩམས་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10