བསོད་ནམས་ཚེ་རིང་། མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-03-28
ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། ཧི་པེ་ཞིང་ཆེན་གྱི་ཆིན་ཧོང་ཏའོ་གྲོང་ཁྱེར་ཆིན་ཡུན་ལི་སློབ་ཆུང་གིས་སའི་གོ་ལའི་དུས་ཚོད་གཅིག་ལ་ང་ཚོ་མཉམ་དུ་འགུལ་བསྐྱོད་བྱེད་ཅེས་པ་བརྗོད་སྙིང་ཡིན་པའི་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་སྤེལ་ཏེ། སློབ་མར་ཁོར་ཡུག་སྲུང་སྐྱོབ་དང་ཐན་ཉུང་འཚོ་བའི་འདུ་ཤེས་ཆགས་པར་སྣེ་ཁྲིད་བྱས་ནས། ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་གྱི་སའི་གོ་ལའི་དུས་ཚོད་གཅིག་གི་བྱ་འགུལ་ལ་བསུ་བ་བྱས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས་ཉེར་ལྔ་ཉིན་ཞུ་ཚིག་ཕུལ་ཏེ། འཛམ་གླིང་གི་ས་ཆ་སོ་སོའི་མང་ཚོགས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་སའི་གོ་ལའི་དུས་ཚོད་གཅིག་གི་བྱ་འགུལ་ལ་ཞུགས་ཏེ། ནམ་ཟླའི་འགྱུར་ལྡོག་དང་སའི་གོ་ལའི་སྲུང་སྐྱོབ་ཐད་ཀྱི་རེ་བ་དང་ཆོད་སེམས་བརྒྱུད་སྒྲོག་བྱེད་དགོས་པའི་འབོད་སྐུལ་བཏང་།
ཕན་ཅི་བུན་གྱིས་ཞུ་ཚིག་ནང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིག་ཡོ་སྤྱི་ཁྱབ་པུའུ་དང་། འཛམ་གླིང་གི་ས་ཆ་སོ་སོའི་དོན་གཅོད་ཁང་གིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་དུས་ཚོད་གཅིག་ལ་གློག་གཟིམ་རྒྱུ་ཡིན་པ་དང་། ཉིག་ཡོ་ཤར་ཕྱོགས་ཆུ་བོའི་འགྲམ་དུ་དུས་རབས་ཕྱེད་ཙམ་ལ་འགྱིང་ངེར་ལངས་པའི་མཉམ་འབྲེལ་རྒྱལ་ཚོགས་དྲུང་ཡིག་ཁྲུའུ་ཡི་ཐོག་ཁང་ཆེན་མོ་མིག་སྔར་མཛེས་སྤྲོས་བྱེད་བཞིན་ཡོད་ལ། མཛེས་སྤྲོས་བྱས་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་ཁང་ཆེན་མོ་དེ་ནུས་ཁུངས་ཟད་གྲོན་ཉུང་བ་དང་ཆུ་གྲོན་ཆུང་བྱེད་ཐུབ་པ། ཕྱིར་གཏོང་གི་ཚད་དམའ་བའི་འཛུགས་སྐྲུན་ཞིག་ཡིན་ཟེར།
ཕན་ཅི་བུན་གྱིས་བཤད་རྒྱུར། འཛམ་གླིང་གི་ས་ཆ་སོ་སོའི་མང་ཚོགས་དང་སྡོད་དམངས་འདུས་སྡོད་ས་ཁུལ། ཁེ་ལས། སྲིད་གཞུང་བཅས་ཀྱིས་མིའི་རིགས་ཀྱི་ཐུན་མོང་གི་མ་འོངས་པར་དཔེ་སྟོན་བཟང་བོ་སྐྲུན་པ་དང་། རྒྱུན་མཐུད་ཆོག་པའི་འཚོ་བའི་ཐད་ལ་རེ་འདོད་གསར་བ་བཅངས་ཡོད་པར་མ་ཟད། རེ་འདོད་དེ་མངོན་འགྱུར་བྱེད་པར་ལག་རྩལ་གསར་བ་གསར་སྤེལ་བྱེད་བཞིན་ཡོད་ཅིང་། ཚེས་ཉེར་དྲུག་ཉིན་ང་ཚོས་སའི་གོ་ལར་སྲུང་སྐྱོབ་དང་མིའི་རིགས་ཀྱི་བདེ་སྐྱིད་ལ་འགན་སྲུང་བྱེད་པར་མཉམ་དུ་སྨོན་འདུ་ཞུ་དགོས་པ་དང་། སྐར་མ་དྲུག་ཅུའི་མུན་ནག་དེས་འཛམ་གླིང་ཡོངས་ཀྱིས་འོད་སྣང་མཐོང་བར་ཕན་ཐོགས་ཡོད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10