ཨ་པཱ་སི་ཡིས་ཕཱ་ལེ་སི་ཐན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཅིག་ཏུ་འགྱུར་དགོས་པར་བཤད་པ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-03-07

ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་ཀྲུའུ་ཞི་ཨ་པཱ་སི་ཡིས་ཚེས་ལྔ་ཉིན་ལཱ་མུའུ་ཨན་ལཱ་ནས་བཤད་རྒྱུར། དབྱི་སི་རལ་རྒྱལ་ཁབ་ཀྱིས་ངེས་པར་དུ་ཕཱ་ལེ་སི་ཐན་གྱི་བཙན་བཟུང་མཇུག་སྒྲིལ་བར་བྱེད་པ་དང་། ཕཱ་ལེ་སི་ཐན་གྱིས་རང་བཙན་རྒྱལ་ཁབ་ཀྱི་ཐོབ་ཐང་བཟུང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་དགོས་ཟེར།
 ཨ་པཱ་སི་ཡིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་འཚམས་འདྲིར་ཡོང་བའི་ཀྲི་ལི་རྒྱལ་ཁབ་ཀྱི་ཙུང་ཐུང་ཕིས་ནེ་ལཱ་ལ་ཐུག་འཕྲད་བྱས། ཨ་པཱ་སི་ཡིས་དེའི་རྗེས་སུ་བསྡུས་པའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཀྲུང་ཏུང་གནད་དོན་གྱི་ཕྱོགས་བཞིའི་ཨུ་ཡོན་ལྷན་ཁང་གིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་དབྱི་སི་རལ་གྱིས་རྒྱལ་སྤྱིའི་རྩ་དོན་དང་འགལ་བའི་བྱེད་ཐབས་ལ་བཀག་འགོག་བྱེད་པ་དང་། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་བཙན་བཟུང་མཇུག་སྒྲིལ་དུ་བཅུག་སྟེ་ས་ཁུལ་གྱི་ཞི་བདེ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།
 ཨ་པཱ་སི་ཡིས་བཤད་རྒྱུར། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་འཛུགས་པར་གྲ་སྒྲིག་བྱས་ཡོད་ཅིང་། ཕཱ་ལེ་སི་ཐན་གྱིས་རང་བདག་རྒྱལ་ཁབ་ཀྱི་ཐོབ་ཐང་བཟུང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་པ་ནི་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ན་ནིང་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་ཁས་བླངས་པའི་དམ་བཅའ་ཡང་ཡིན་ཟེར།
 ཨ་པཱ་སི་ཡིས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེངས་མང་བོར་དབྱི་སི་རལ་ལ་གནོན་ཤུགས་བྱིན་ཡང་དབྱི་སི་རལ་ཕྱོགས་ཀྱིས་སྔར་བཞིན་བཙན་བཟུང་བྱས་པའི་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་ནས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་འཛུགས་སྐྲུན་བྱས་པ་ལས་ཞི་བདེ་བསམ་གྱིན་མེད་ཟེར།
 ཕིས་ནེ་ལཱ་ཡིས་བསྟན་དོན། ཀྲི་ལི་རྒྱལ་ཁབ་ཀྱིས་ནམ་རྒྱུན་ཕཱ་ལེ་སི་ཐན་མི་དམངས་ཀྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་འཐབ་འཁྲུག་ལམ་ཐིག་རྨང་གཞིར་བྱས་ཏེ་ཆ་ཚང་ཞིང་རང་བཙན་གྱི་རྒྱལ་ཁབ་འཛུགས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཁོས་ད་རུང་ཕཱ་ལེ་སི་ཐན་དབང་འཛིན་ལས་ཁུངས་ཀྱིས་ཞི་བའི་གྲོས་མོལ་སླར་གསོ་བྱེད་པའི་ཐད་འབད་བརྩོན་བྱེད་པར་གཟེངས་བསྟོད་བྱས་པར་མ་ཟད། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཞི་བའི་གྲོས་མཐུན་འགོད་པར་དོན་སྙིང་གལ་ཆེན་ལྡན་པ་ནན་བཤད་བྱས།
  • ལེ་ཚན་སྔོན་མ།:ཁྲའོ་ཞན་གྱིས་ཧན་གོས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཁྲའོ་ཞན་གྱིས་བཏོན་པའི་གྲོས་མོལ་གྲོས་གཞི་དང་ལེན་བྱེད
  • ལེ་ཚན་རྗེས་མ།:འཇར་པན་བྱང་ཤར་ས་ཁུལ་དུ་རིམ་པ9ཡི་ས་འགུལ་ཡོང་བ།
  • དོ་སྣང་ཆེ་བའི་རྩོམ།