ཕན་ཅི་བུན་གྱིས་ནེ་ཀྲིར་ཡཱ་ནས་བྱུང་བའི་ཆོས་ལུགས་ཀྱི་དྲག་ཤུགས་འཁྲུག་རྩོད་ལ་རྒོལ་གཏམ་བཏང་བ།

བསོད་ནམས་ཚེ་རིང་།        2010-12-28

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཚིགས་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཉེ་བའི་ཉིན་འགའི་རིང་ལ། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ནེ་ཀྲིར་ཡཱ་ནས་མུའུ་སི་ལིན་དང་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པའི་བར་དྲག་ཤུགས་འཁྲུག་རྩོད་ཐེངས་མང་བྱུང་སྟེ། མི་སུམ་ཅུ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ཅུ་ལྷག་ལ་རྨས་སྐྱོན་ཕོག་པའི་མཇུག་འབྲས་ཚབས་ཆེན་བྱུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། དྲག་ཤུགས་བྱ་སྤྱོད་དེ་དག་ལ་རྒོལ་གཏམ་དྲག་པོ་བཏང་ཟེར།
 དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་གསལ་སྒྲོག་ནང་ནེ་ཀྲིར་ཡཱའི་མི་དམངས་ཀྱིས་ཆོས་ལུགས་དུས་ཆེན་སྣ་ཚོགས་ལ་རྟེན་འབྲེལ་ཞུ་སྐབས་འདི་འདྲའི་ཡ་ང་བའི་དྲག་ཤུགས་བྱ་སྤྱོད་བྱུང་བར་ཡིད་འཕང་བའི་བསམ་ཚུལ་བསྟན། ཁོས་ཤི་རྨས་ཐེབས་མཁན་དང་དེ་དག་གི་ཁྱིམ་མི་ལ་འཚམས་འདྲི་བྱས་པར་མ་ཟད། ནེ་ཀྲིར་ཡཱ་སྲིད་གཞུང་གིས་དོན་རྐྱེན་བཟོ་མཁན་གྱི་འགན་འཁྲི་བརྩད་གཅོད་བྱེད་པར་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་བསམ་ཚུལ་བསྟན།
 ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། ནེ་ཀྲིར་ཡཱ་དབུས་ཕྱོགས་ཀྱི་ལོ་སི་གྲོང་ཁྱེར་ནས་འགས་གཏོར་དོན་རྐྱེན་བྱུང་བ་དང་། དེའི་རྗེས་སུ་གྲོང་ཁྱེར་དེ་ནས་དྲག་ཤུགས་འཁྲུག་རྩོད་བྱུང་། གནས་དེ་ནས་སྔོན་ཆད་ཀྱང་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པ་དང་མུའུ་སི་ལིན་བར་འཁྲུག་རྩོད་བྱུང་མྱོང་བ་རེད།
  • ལེ་ཚན་སྔོན་མ།:ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་འགུལ་བརྒྱུགས་པ།
  • ལེ་ཚན་རྗེས་མ།:དབྱི་རག་ནས་མུ་འབྲེལ་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་དགུ་རྐྱེན་ལམ་དུ་ཤོར་བ།
  • དོ་སྣང་ཆེ་བའི་རྩོམ།