ཧན་གོའི་ཉ་གྲུ་གླིང་སྣེ་ལྷོ་མའི་མཚོ་ཁོངས་ནས་རྒྱ་མཚོར་ནུབ་ཏེ་མི་ལྔ་རྐྱེན་ལམ་དུ་ཤོར་བ།

        2010-12-14

 ནེའུ་ཙི་ལན་མཚོ་དོན་སྡེ་ཁག་གིས་ཚེས་བཅུ་གསུམ་ཉིན་བདེན་དཔང་བྱས་དོན། ཧན་གོའི་ཉ་གྲུ་ཞིག་ཉིན་དེའི་ཞོགས་པར་གླིང་སྣེ་ལྷོ་མའི་མཚོ་ཁོངས་ནས་རྒྱ་མཚོར་ནུབ། མིག་སྔར་གྲུ་ཐོག་གི་གྲུ་བ་ཞེ་གཉིས་ཁྲོད་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བདུན་གར་སོང་རྙེད་མེད་ལ། མི་ཉི་ཤུ་བསྐྱབས་ཡོད། དོན་རྐྱེན་བྱུང་སའི་མཚོ་ཁོངས་སུ་སྔོག་བཤེར་བྱ་བ་སྤེལ་བཞིན་ཡོད།
 ནེའུ་ཙེ་ལན་མཚོ་དོན་སྡེ་ཁག་གི་མགྲིན་ཚབ་པ་ཧིན་ཏི་སིན་གྱིས་བཤད་རྒྱུར། ནེའུ་ཙེ་ལན་རྒུད་སྐྱོབ་མཐུན་སྦྱོར་ལྟེ་གནས་ཀྱིས་རིང་ཚད་ལ་སྨིས་ང་བརྒྱད་ཡོད་པའི་ཉ་གྲུ་དེ་རྒྱ་མཚོར་ནུབ་པའི་དོན་རྐྱེན་ཤེས་རྗེས། མྱུར་དུ་དོན་རྐྱེན་བྱུང་སའི་མཚོ་ཁོངས་ཉེ་འདབས་ཀྱི་གྲུ་གཟིངས་ལ་བརྡ་བརྒྱབ་ནས་མྱུར་སྐྱོབ་བྱེད་དུ་བཅུག མིག་སྔར་ཧན་གོའི་ཉ་གྲུ་གསུམ་དང་ནེའུ་ཙི་ལན་གྱི་ཉ་གྲུ་གཉིས་ཀྱིས་སྔོག་བཤེར་བྱེད་བཞིན་ཡོད། ནེའུ་ཙི་ལན་མཁའ་དམག་གི་དམག་བཀོལ་གནམ་གྲུ་ཞིག་གིས་དུས་ངེས་མེད་དུ་དོན་རྐྱེན་བྱུང་སར་འགྲོ་བར་གྲ་སྒྲིག་བྱས་ཏེ་བཀའ་ལ་སྒུག་ཡོད།
 ཧིན་ཏི་སིན་གྱིས་བཤད་རྒྱུར། གྲུ་བ་ཉི་ཤུ་བསྐྱབས་ཏེ་ཧན་གོའི་ཉ་གྲུ་གཞན་པ་ཞིག་གི་སྟེང་བཞག་པ་དང་། ཤི་བོའི་བེམ་པོ་ལྔ་བོ་ཡང་གྲུ་གཟིངས་དེའི་ཐོག་བཞག་ཡོད་ལ། མིག་སྔའི་བར་ད་རུང་ཉ་གྲུ་རྒྱ་མཚོར་ནུབ་པའི་རྒྱུ་རྐྱེན་དང་སྐབས་ཐོག་དེར་རྒྱ་མཚོར་ནུབ་པའི་ཉ་གྲུའི་མྱུར་སྐྱོབ་བརྡ་རྟགས་ཅིའི་ཕྱིར་མ་འབྱོར་བ་གསལ་བོར་མི་ཤེས་ཟེར། རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། སྐབས་ཐོག་དེར་དོན་རྐྱེན་བྱུང་སའི་མཚོ་ཁོངས་སུ་ནམ་ཟླ་བཟང་རྒྱུ་མེད་ཀྱང་། ཆུའི་དྲོད་ཚད་ཏུའུ་གཉིས་ལས་དམའ་མི་སྲིད་པ་རེད།
 ཧན་གོའི་ཕྱི་འབྲེལ་ཚོང་འགྲིམ་པུའུ་ཡིས་བཤད་རྒྱུར། ཉ་གྲུའི་སྟེང་ཧན་གོའི་མི་བརྒྱད་དང་། ཀྲུང་གོའི་མི་བརྒྱད། ཡོ་ནན་གྱི་མི་བཅུ་གཅིག ཧྥེ་ལེ་ཕིན་གྱི་མི་གསུམ། ཧིན་རྡུ་ཉི་ཞི་ཡཱའི་མི་བཅུ་གཅིག ཨུ་རུ་སུའི་མི་གཅིག་བཅས་ཡོད་ཟེར།

  • ལེ་ཚན་སྔོན་མ།:ཧོང་སིན་གྱིས་ཁོས་ཀྲུང་གོར་འཚམས་འདྲི་བྱེད་པ་ནི་ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བར་ཤུགས་ས
  • ལེ་ཚན་རྗེས་མ།:ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་འགུལ་བརྒྱུགས་པ།
  • དོ་སྣང་ཆེ་བའི་རྩོམ།