ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་པུའུ་ཀྲང་གྲོས་ཚོགས་སྐབས་ཞེ་གཉིས་པ་ནས་སྔར་ལས་ལྷག་པའི་སྒོ་ནས་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་བྱས་པ།

བསོད་ནམས་ཚེ་རིང་།        2010-08-27

 ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་པུའུ་ཀྲང་གྲོས་ཚོགས་སྐབས་ཞེ་གཉིས་པ་ཚེས25ཉིན་ཡོ་ནན་དབུས་ཕྱོགས་ཀྱི་ཅན་ཀང་གྲོང་ཁྱེར་ནས་ཚོགས་པ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུའི་དཔལ་འབྱོར་པུའུ་ཀྲང་གིས་སྔར་ལས་ལྷག་པའི་སྒོ་ནས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་མཉམ་ལས་ལ་ཡར་སྐུལ་བྱེད་པ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་པུའུ་ཐུན་མོང་ཚོགས་པའི་འཕེལ་རྒྱས་དམིགས་འབེན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་ཐད་གྲོས་བསྡུར་བྱེད་རྒྱུ་རེད། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ། ཡོ་ནན་སྲིད་གཞུང་གི་ཙུང་ལི་རོན་ཅིན་ཡུང་གིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཆབ་སྲིད་བདེ་འཇགས་དང་དཔལ་འབྱོར་དང་རིག་གནས་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་དེ་མིག་སྔར་གནད་འགག་གི་སྐབས་སུ་གནས་ཡོད་པ་དང་། དེའི་ནང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་སྟེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་མང་ཚོགས་ལ་ཁེ་ཕན་དངོས་ཐོབ་ཡོད། འཛམ་གླིང་དང་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲན་རྩོད་རབ་དང་རིམ་པ་ཐག་གཅོད་བྱེད་ཆེད། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོའི་ཐད་ནས་ཚད་མཐོན་པོས་གཅིག་གྱུར་བྱེད་པ་དང་། ནམ་རྒྱུན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་ཟེར། རོན་ཅིན་ཡུང་གིས་སྐབས་འདིའི་གྲོས་ཚོགས་ནས་གཙོ་བོ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་ལག་བསྟར་ལམ་ཐིག་འཆར་གཞིའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དང་གྲོས་གཞི་ལ་གྲོས་བསྡུར་དང་འཐུས་ཚང་དུ་བཏང་། སྐབས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ཨེ་ཤ་ཡཱ་ཤར་ལྷོའི་དཔལ་འབྱོར་ཐུན་མོང་ཚོགས་པ་སྟེ་གསོན་ཤུགས་རྒྱས་ཤིང་རྒྱུན་མཐུད་འཕར་སྣོན་གྱི་ཐུན་མོང་ཚོགས་པ་ཞེས་པ་དེ་ཡིན་ལ། གྲོས་ཚོགས་གྲོལ་རྗེས། ད་རུང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་། ཀྲུང་གོ། འཇར་པན། ཧན་གོ། ཨོ་སི་ཁྲུ་ལི་ཡཱ། ནེའུ་ཙེ་ལན། རྒྱ་གར། ཨུ་རུ་སུ། ཡོ་རོབ་གླིང་མནའ་འབྲེལ་སོགས་ཀྱི་གྲོས་མོལ་གྲོགས་པོའི་གྲོས་ཚོགས་བསྡུ་རྒྱུ་རེད། །
  • ལེ་ཚན་སྔོན་མ།:ཕན་ཅི་བུན་གྱིས་ཀང་གོའི་བཙན་གཡེམ་བྱེད་པའི་དོན་རྐྱེན་ལས་ཞི་བདེར་ཤུགས་སྣོན་པའི་གལ་ཆེན་རང་བཞིན་འབུར་ཐོན་
  • ལེ་ཚན་རྗེས་མ།:ཨ་ཧྥུའུ་ཧན་ནས་རྨས་སྐྱོན་ལྗིད་མོ་ཕོག་པའི་ཧང་ག་རིའི་ཞི་བདེ་སྲུང་སྐྱོབ་དམག་མི་ཕྱིར་རྒྱལ་ནང་དུ་ལོག་པ།
  • དོ་སྣང་ཆེ་བའི་རྩོམ།