ཧན་གོ་དང་འཇར་པན་གྱིས་ལོ་གསུམ་གྱི་རྗེས་སུ་ཡང་བསྐྱར་མགོ་གཙོའི་གྲོས་མོལ་སྤེལ།

    མཚོ་སྔོན་བོད་སྐད་རྒྱང་སྒྲོག    2015-11-04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཚེས་གཉིས་ཉིན་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ལ་ཐུག་འཕྲད་བྱས་པ་དང་། འདི་ནི་མགོ་གཙོ་གཉིས་ཀས་འགན་ཁུར་རྗེས་ཀྱི་དངོས་གཞིའི་གྲོས་མོལ་ཐེངས་དང་བོ་རེད། ལོ་རྒྱུས་ཀྱི་གནད་དོན་དང་མངའ་ཁོངས་ཀྱི་རྩོད་གཞིའི་རྐྱེན་གྱིས་ཧན་གོ་དང་འཇར་པན་གྱི་མགོ་གཙོའི་གྲོས་མོལ་དེ་མཚམས་ཆད་དེ་ལོ་གསུམ་དང་ཕྱེད་ཀ་འགོར་ཡོད།

ཟླ་འགའི་རིང་གི་ཕྱི་འབྲེལ་སེམས་ཁམས་འཐབ་རྩོད་བརྒྱུད་དེ་མངོན་འགྱུར་བྱུང་བའི་གྲོས་མོལ་དེ་དུས་ཚོད་གཅིག་དང་སྐར་མ་བཞི་བཅུའི་རིང་ལ་སྤེལ་བ་དང་། དེའི་ཁྲོད་དུ་མགོ་གཙོ་གཉིས་ཀ་ཁོ་ནའི་གྲོས་མོལ་དང་སྔོན་དཔག་གི་དུས་ཚོད་ལས་སྐར་མ་སུམ་ཅུས་རིང་། ཧན་གོའི་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོ་དང་འཇར་པན་གྱིས་མགོ་གཙོའི་གྲོས་མོལ་སྤེལ་ནས་དུས་ཚོད་གཅིག་དང་སྐར་མ་བཞི་བཅུའི་རིང་ལ་འཇར་དམག་གི་འདོད་སེལ་མའི་གནད་དོན་གྱི་སྐོར་ནས་གྲོས་སྡུར་བྱས་ཟེར། འདོད་སེལ་མའི་གནད་དོན་ཐད་ནས། ཧན་གོའི་ལངས་ཕྱོགས་ནི་འཇར་པན་གྱིས་འདོད་སེལ་མ་ཚང་མ་ཚེ་ལས་མ་འདས་གོང་ལྷག་བསམ་རྣམ་དག་གིས་དགོངས་དག་ཞུ་རྒྱུ་མ་ཟད་ཁ་གསབ་སྟེར་རྒྱུ་དེ་ཡིན་མོད། ཡིན་ནའང་འཇར་པན་ཕྱོགས་ཀྱིས་འཇར་པན་གྱི་གཅིག་སྟོང་དགུ་བརྒྱ་བཅུ་ཐམ་པ་ལོ་ནས་གཅིག་སྟོང་དགུ་བརྒྱ་ཞེ་ལྔ་ལོའི་བར་གྱི་མི་སེར་སྤེལ་ཡུལ་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐམས་ཅད་གཅིག་སྟོང་དགུ་བརྒྱ་རེ་ལྔ་ལོའི་འབྲེལ་བ་རྒྱུན་ལྡན་ཅན་གྱི་ཆིངས་ཡིག་ནང་དུ་ཐག་གཅོད་བྱས་ཡོད་ཅེས་བཤད་བཞིན་ཡོད།

ཧན་གོའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཕེའོ་ཅིན་ཧོས་ཀྱིས་གྲོས་མོལ་བྱེད་སྐབས། འདོད་སེལ་མའི་གནད་དོན་དེ་ཧན་གོ་དང་འཇར་པན་གྱི་འབྲེལ་བའི་བཀག་རྡོ་གཙོ་བོར་གྱུར་ཡོད་པས། འཇར་པན་གྱིས་གནོད་པ་ཐེབས་མཁན་གྱི་འདོད་སེལ་མ་དང་ཧན་གོའི་རྒྱལ་དམངས་ཀྱིས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་བྱེད་ཐབས་ཤིག་གཏན་ཁེལ་བྱེད་དགོས་ཞེས་བཤད་མོད། ཡིན་ནའང་ཨན་པེ་ཡིས་འདས་པའི་ལོ་རྒྱུས་ཀྱི་སྐོར་ཚིག་འབྲུ་ཙམ་ཡང་མ་གླེང་བར། མ་འོངས་པར་ཁ་ཕྱོགས་པའི་འཇར་པན་དང་ཧན་གོའི་འབྲེལ་བ་འཛུགས་ཆེད། ཁོས་ཙུང་ཐུང་ཕེའོ་ཅིན་ཧོས་དང་མཉམ་དུ་ལྡབ་འགྱུར་གྱིས་འབད་བརྩོན་བྱེད་འདོད་ཡོད་ཅེས་བཤད་ཟེར།  །

  • ལེ་ཚན་སྔོན་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡུལ་གྱུར་པ་འབུམ་གཉིས་དང་ཁྲི་གཅིག་ལྷག་ས་དཀྱིལ་རྒྱ་མཚོ་བརྒལ་ནས་ཡོ་རོབ་གླིང་དུ་སོང་བཤད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ལི་པི་རི་ཡའི་སྲིད་འཛིན་སིག་ལི་ཧྥོའོ་དང་གྲོལ་མོལ་མཛད།
  • དོ་སྣང་ཆེ་བའི་རྩོམ།