ཞི་ཅིན་ཕིང་གིས་ལི་པི་རི་ཡའི་སྲིད་འཛིན་སིག་ལི་ཧྥོའོ་དང་གྲོལ་མོལ་མཛད།

ཚེ་དཔལ་གྱིས་བསྒྱུར།    མི་དམངས་དྲ་བ།    2015-11-05

ཞི་ཅིན་ཕིང་གིས་ལི་པི་རི་ཡའི་སྲིད་འཛིན་སིག་ལི་ཧྥོའོ་དང་གྲོལ་མོལ་མཛད།

  སྤྱི་ཟླ་11པའི་ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལི་པི་རི་ཡའི་སྲིད་འཛིན་སིག་ལི་ཧྥོའོ་དང་གྲོལ་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་ཀྱིས་མཉམ་དུ་འབད་བརྩོན་སྒོས་ཀྲུང་ལི་གཉིས་ཀྱི་ཕྱོགས་ཡོངས་མཉམ་ལས་འབྲེལ་བ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱེད་བསྐྲུན་པར་མོས་མཐུན་བྱུང་།
  ཞི་ཅིན་ཕིང་གིས་ཐོག་མར་སྲིད་འཛིན་སིག་ལི་ཧྥོའོ་ཡི་སྣེ་ཁྲིད་འོག་ལི་པི་རི་ཡ་སྲིད་གཞུང་དང་མི་དམངས་ཀྱིས་ཨེ་པོ་ལཱ་ནད་ཡམས་ཀྱི་འཐབ་རྩོད་ཁྲོད་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་བླངས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་སྐྱིད་སྡུག་མཉམ་མྱོང་ནི་དོན་དམ་གྱི་གྲོགས་པོ་ཡིན་ལ། ཀྲུང་གོས་ལི་པི་རི་ཡ་སོགས་ཧྥེ་གླིང་ནུབ་ཁུལ་གྱི་རྒྱལ་ཁབ་གསུམ་ནད་ཡམས་ལས་རྣམ་པར་རྒྱལ་པར་བྱས་རྗེས་བཞག ང་ཚོ་ལས་ཀ་འདིའི་རྒྱལ་ཁ་ལ་དགའ་སྤྲོ་སྐྱེས་བཞིན་ཡོད། ཀྲུང་གོ་སྲིད་གཞུང་གིས་མུ་མཐུད་དུ་ལི་པི་རི་ཡ་སོགས་ཧྥེ་གླིང་ནུབ་ཁུལ་གྱི་རྒྱལ་ཁབ་གསུམ་གྱི་ནད་ཡམས་རྗེས་ཀྱི་བསྐྱར་བསྐྲུན་བྱ་བར་རྒྱབ་སྐྱོར་དང་རྒྱལ་ཁབ་གསུམ་གྱི་ཐུན་མོང་འཕྲོད་བསྟེན་གྱི་མ་ལག་དང་ནུས་ཤུགས་འཛུགས་སྐྲུན་བྱ་བར་རོགས་འདེགས་བྱ་ངེས་ཞེས་བསྟན།
  ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ནས་ཀྲུང་ལི་འབྲེལ་བར་ཚད་མཐོན་པོས་གདེང་འཇོག་གནང་བཞིན་ཡོད་ལ། ལི་པི་རི་ཡ་དང་ལྷན་དུ་ཀྲུང་ལིའི་ཕྱོགས་ཡོངས་མཉམ་ལས་འབྲེལ་བ་སྒྲིག་འཛུགས་བྱ་འདོད། ཕྱོགས་གཉིས་ཀྱིས་མཐོ་རིམ་འབྲེལ་འདྲེས་རྒྱུན་འཁྱོངས་བྱས་ཏེ་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་འབྲེལ་བ་སྤེལ་བ་དང་ཕན་ཚུན་གྱི་ངོས་འཛིན་མཐོར་འདེགས་སུ་གཏང་དགོས། ཀྲུང་གོའི་ཕྱོགས་ནས་ཕྱོགས་ཡོངས་ནས་རྨང་གཞིའི་འཛུགས་སྐྲུན་དང་མཚོ་ཐོག་འདྲེན་སྐྱེལ། ཞིང་ལས་དང་ཉ་ལས། ཐོན་སྐྱེད་དང་བཟོ་ལས་སོགས་ཁྱབ་ཁོངས་ལ་མཉམ་འབྲེལ་བྱ་བ། ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁོངས་དེ་མི་དམངས་ཀྱི་འཕེལ་རྒྱས་གྲུབ་འབྲས་སུ་བསྒྱུར་ཏེ་རང་བདག་གི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱ་བར་རོགས་འདེགས་བྱ་འདོད། ཀྲུང་གོའི་ཕྱོགས་ནས་ལི་པི་རི་ཡ་དང་ལྷན་དུ་འཕྲོད་བསྟེན་དང་སློབ་གསོ། རིག་གནས། འཕྲིན་སྦྱོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་ཀྱི་དམངས་སེམས་མཛའ་མཐུན་དང་སྤྱི་ཚོགས་རྨང་གཞི་རྒྱ་བསྐྱེད་འདོད་ཅེས་བསྟན།
  སིག་ལི་ཧྥོའོ་ཡིས་ལི་པི་རི་ཡས་ཨེ་པོ་ལཱའི་ནད་ཡམས་དང་དཀའ་སྡུག་གི་འཐབ་རྩོད་རྒྱག་སྐབས་ཀྲུང་གོའི་རྒྱབ་སྐྱོར་ཐོབ། ཀྲུང་གོ་ནི་ཆེས་ཐོག་མར་ལི་པི་རི་ཡ་སོགས་ཧྥེ་གླིང་ནུབ་ཁུལ་གྱི་རྒྱལ་ཁབ་གསུམ་ལ་རོགས་སྐྱོར་མཁན་གྱི་རྒྱལ་ཁབ་ཡིན། ང་ཐེངས་འདིར་ཀྲུང་གོར་འཚམས་འདྲི་ཡོང་བ་ནི་ཐོག་མར་ཀྲུང་གོར་བཀའ་དྲིན་ཞུ་བསམ་པ་ཡིན། ཀྲུང་གོ་ནི་ལི་པི་རི་ཡའི་ཆེས་བློས་ཐུབ་ཀྱི་གྲོགས་པོ་ཡིན་ལ། ལི་པི་རི་ཡ་ཡིས་ཀྲུང་གོའི་སྲོལ་རྒྱུན་མཛའ་འབྲེལ་ལ་མཐོང་ཆེན་བྱེད་བཞིན་ཡོད། ལི་པི་རི་ཡ་ད་ལྟ་རྒྱལ་ཁབ་བསྐྱར་འཛུགས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་དུས་སྐབས་སུ་འཁེལ་འདུག ཀྲུང་གོ་དང་ལྷན་དུ་ཞིང་ལས་དང་གསེར་སྦྱངས། རྨང་གཞིའི་འཛུགས་སྐྲུན། སློབ་གསོ། ཞི་སྲུང་། མཚོ་ཁོངས་ཀྱི་མཉམ་འབྲེལ་ཁྱབ་ཁོངས་རྒྱ་བསྐྱེད་འདོད་ཅེས་བསྟན།
  གྲོས་མོལ་མཇུག་རྫོགས་རྗེས། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་མཉམ་འབྲེལ་ཡིག་ཆར་མིང་རྟགས་འགོད་པར་ཞུགས།
 གྲོས་མོལ་འགོ་མ་ཚུགས་པའི་སྔོན་དུ།  ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་སྲིད་འཛིན་སེག་ལི་ཧྥུའོ་ལ་བསུ་མ་བྱེད་པའི་མཛད་སྒོ་སྤེལ།

 
  • ལེ་ཚན་སྔོན་མ།:ཧན་གོ་དང་འཇར་པན་གྱིས་ལོ་གསུམ་གྱི་རྗེས་སུ་ཡང་བསྐྱར་མགོ་གཙོའི་གྲོས་མོལ་སྤེལ།
  • ལེ་ཚན་རྗེས་མ།:ལི་ཁེ་ཆང་གིས་ཧྥ་རན་སིའི་སྲིད་འཛིན་ཨོ་ལང་ཏི་དང་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།