མཚོ་སྔོན་བོད་སྐད་རྒྱང་སྒྲོག 2015-10-21
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ལུན་ཏོན་ལ་ཕེབས་ཏེ། དབྱིན་ཇི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།
ས་དེའི་དགོང་མོའི་དུས་ཚོད་བརྒྱད་ཡས་མས་སུ། ཞི་ཅིན་ཕེན་བཞུགས་པའི་ཆེད་བཏང་གནམ་གྲུ་ལུན་ཏོན་ཞི་སི་ལོ་གནམ་གྲུ་ཐང་དུ་བབས། གནམ་གྲུ་ཐང་ནས་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གཉིས་ལ་དབྱིན་ཇིའི་རྒྱལ་མོའི་འཐུས་མི་ཧུའུ་ཏི་ཙི་ཅའོ་དང་ཕྱི་འབྲེལ་བློན་ཆེན་ཧ་མིན་ཏི་སོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས།
ཞི་ཅིན་ཕེན་གྱིས་དབྱིན་ཇིའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་དབྱིན་ཇི་གཉིས་ལ་ལོ་རྒྱུས་ཡུན་རིང་དང་འོད་སྟོང་འབར་བའི་རིག་གནས་ལྡན་ལ། རྒྱལ་ཁབ་གཉིས་ཀྱིས་མིའི་རིགས་ཀྱི་དཔལ་ཡོན་དང་ཡར་ཐོན་ཐད་ཐུན་མོང་མ་ཡིན་པའི་བྱས་རྗེས་བཞག་ཡོད། མཉམ་འབྲེལ་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་དང་འཛམ་གླིང་སྟེང་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱིས་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་དང་། མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ཐུན་མོང་གི་ཁེ་ཕན་དང་འགན་འཁྲི་གལ་ཆེན་ལྡན། ད་ལྟའི་བར་དུ་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་བཅུ་འགོར་བ་དང་། ཀྲུང་གོ་དང་དབྱིན་ཇི་གཉིས་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། དུས་རབས་ཀྱི་འཕེལ་རྒྱས་རླབས་རྒྱུན་དང་ཡང་མཐུན། ངས་དབྱིན་ཇིའི་མགོ་ཁྲིད་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་དགོངས་འཆར་བརྗེ་རེས་བྱེད་པ་དང་། དབྱིན་ཇིའི་ཕྱོགས་སོ་སོའི་མི་སྣ་དང་ཡོངས་ཁྱབ་ཏུ་འབྲེལ་འདྲིས་བྱེད་པ། ཀྲུང་གོ་དང་དབྱིན་ཇི་བར་གྱི་མཉམ་ལས་ཇུས་གཞི་ཆེན་པོར་མཉམ་དུ་ཇུས་འགོད་བྱས་ནས། ཀྲུང་གོ་དང་དབྱིན་ཇུ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་པ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་བ་འཇོག་པར་རེ་སྒུག་བྱས་ཡོད་ཟེར།
ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་བཅས་ཀྲུའུ་ཞི་ཞི་ཅིན་ཕེན་དང་མཉམ་དུ་ལུན་ཏོན་ལ་ཐོན།
ལུན་ཏོན་ནི་ཞི་ཅིན་ཕེན་གྱིས་དབྱིན་ཇི་ལ་འཚམས་འདྲི་གནང་བའི་ས་ཚུགས་དང་པོ་ཡིན། དེའི་རྗེས་སུ་ཞི་ཅིན་ཕེན་གྱིས་ད་རུང་མོན་ཁྲེ་སི་ཐི་ལ་མུ་མཐུད་དུ་འཚམས་འདྲི་གནང་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10