2017-08-18
ཨ་མེ་རི་ཁའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཚེས་བཅུ་དྲུག་ཉིན་བདེན་དཔང་བྱས་དོན། ཨ་མེ་རི་ཁའི་སྐམ་དམག་གི་གླག་ནག་རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་ཞིག་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་ཞཱ་ཝེ་ཡེའི་མཚོ་ཁོངས་སུ་མཚན་མོའི་སྦྱོང་བརྡར་བྱེད་སྐབས་སར་ལྷུང་བ་དང་། རྒུད་སྐྱོབ་མི་སྣས་གནམ་གྲུའི་ཆག་རོ་རྙེད་ཡོད་ལ། གནམ་གྲུའི་སྟེང་གི་གར་སོང་མ་རྙེད་པའི་མི་ལྔ་བོ་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར།
ཞཱ་ཝེ་ཡེ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་ཁོངས་ལ་འགན་ཁུར་བའི་ཨ་མེ་རི་ཁའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གི་ཁུལ་བཅུ་བཞི་བའི་མགྲིན་ཚབ་པ་མའོ་ཨར་གྱིས་གསར་འགོད་པར་བཤད་རྒྱུར། མཚོ་འགྲམ་ཉེན་སྲུང་རུ་ཁག་ལ་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་གནམ་གྲུ་སར་ལྷུང་བའི་སྙན་ཞུ་འབྱོར་རྗེས། རྒུད་སྐྱོབ་བྱ་འགུལ་སྤེལ་བ་རེད། ཝ་ཧུའུ་གླིང་ཕྲན་གྱི་སྤྱི་ལེ་གསུམ་ལྷག་ཡོད་པའི་ཕྱིའི་མཚོ་ཁོངས་ནས་གནམ་གྲུའི་ཆག་རོ་རྙེད་པ་དང་། མིག་སྔར་ད་རུང་གནམ་གྲུའི་སྟེང་གི་མི་སྣ་རྙེད་མེད།
སར་ལྷུང་བའི་གྱེན་འཕུར་གནམ་གྲུ་དེ་ནི་ཝ་ཧུའུ་གླིང་ཕྲན་གྱི་ཧོས་ལེ་སྐམ་དམག་གི་གནམ་གྲུ་ཐང་ནས་འཕུར་བ་རེད། ཨ་མེ་རི་ཁའི་མཚོ་འགྲམ་ཉེན་སྲུང་རུ་ཁག་དང་སྐམ་དམག ས་དེའི་མེ་གསོད་སྡེ་ཁག་བཅས་ཀྱིས་གནམ་གྲུ་གསུམ་དང་གྲུ་གཟིངས་མང་བོ་མངག་ནས་རྒུད་སྐྱོབ་འགུལ་སྐྱོད་ལ་ཞུགས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10