ཀྲུང་གོའི་ཚན་རིག་གླིང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་གྲོས་མཐུན་བཀོད།

        2018-08-23

ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གོའི་ཚན་རིག་གླིང་དང་མཚོ་སྔོན་ཞིང་ཆེན་ཚན་རྩལ་མཉམ་ལས་བྱ་བའི་བཞུགས་མོལ་ཚོགས་འདུ་དང་། ཀྲུང་གོའི་ཚན་རིག་གླིང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་མཉམ་དུ་ཀྲུང་གོའི་ཚན་རིག་གླིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་འཛུགས་སྐྲུན་བྱེད་པའི་གྲོས་མཐུན་འགོད་པའི་མཛད་སྒོ་པེ་ཅིན་ནས་བསྡུས། ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཀྲང་པའེ་ཁྲུན་ལིས་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་མཛད་སྒོ་ལ་ཞུགས་པར་མ་ཟད་གཏམ་བཤད།

པའེ་ཁྲུན་ལིས་ཀྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོའི་ཚན་རིག་གླིང་གི་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཞུས། མིག་སྔར། ཀྲུང་གོའི་ཚན་རིག་གླིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཁ་ཕྱོགས་པ་གསུམ་དང་སྔོན་མ་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྔོན་མ་བཞིའི་འགུལ་སྐྱོད་ལག་བསྟར་ནན་མོ་བྱས་པས། ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཟེར། ཁོས་བཤད་རྒྱུར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ཚན་རིག་གི་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་དང་། ཚན་རིག་ཞིབ་འཇུག་གི་ལས་འགན་ཡིན་ལ། ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན་པས། ཀྲུང་གོའི་ཚན་རིག་གླིང་གིས་གཙོ་བོར་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་ཚན་རྩལ་དགོས་མཁོ་ལ་དམིགས་ནས། ཀྲུང་གོའི་ཚན་རིག་གླིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ནན་མོ་བྱེད་རྒྱུ་ཡིན། མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་། སྒྲིག་གཞི་རྐྱེན་སྲོལ་གསར་གཏོད་བྱེད་པ། ཕྱོགས་སོ་སོའི་ཐོན་ཁུངས་སྐོང་འཐེན་བྱེད་པ། རྒྱབ་སྐྱོར་གྱི་ཆ་རྐྱེན་འདོན་སྤྲོད་བྱེད་པ། ལས་འགན་སྣ་ཚོགས་བརྟན་བརླིང་ངང་བསྒྲུབ་ནས། རྒྱལ་ཁབ་སྤྱི་གླིང་མ་ལག་འཛུགས་སྐྲུན་ཐད་དཔེ་སྟོན་འདོན་སྤྲོད་བྱེད་དགོས། ཞིབ་འཇུག་གླིང་གི་རྩོལ་ནུས་གཏན་ཁེལ་ལ་དམ་དུ་དམིགས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་མཚོ་སྔོན་གྱི་དགོས་མཁོ་ལ་ཁ་གཏད་དེ་རང་འགུལ་གྱི་ཚན་རིག་ཞིབ་འཇུག་མི་སྣའི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། ནུབ་རྒྱུད་འོད་ཟེར་ལས་གཞིའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། ཚན་རིག་ཞིབ་འཇུག་དང་གྲུབ་འབྲས་བསྒྱུར་བའི་བྱ་བ་སྤེལ་ནས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཞབས་འདེགས་ཞུ་དགོས། ཀྲུང་གོའི་ཚན་རིག་གླིང་གི་རིག་སྟོབས་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཤེས་ལྡན་མི་སྣའི་དཔུང་སྡེའི་སྐུལ་འདེད་དང་གཅིག་བསྡུ་ཕན་ནུས་དང་། ཚན་རྩལ་གྲུབ་འབྲས་ལེན་པ་དང་ལྡབ་འཕར་ཕན་ནུས། ཚན་རྩལ་ཤེས་ལྡན་མི་སྣའི་སྐྱེད་སྲིང་དང་སྣེ་ཁྲིད་ཕན་ནུས་ཇེ་དྲག་ཏུ་བཏང་སྟེ། མཚོ་སྔོན་ལ་རིམ་པ་མཐོ་བའི་གསར་གཏོད་འཇོན་མི་སྐོར་ཞིག་སྐྱེད་སྲིང་བྱེད་པ་དང་། སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཆོད་འདོན་པར་བློ་འདོན་དང་གྲོས་གཞི་འདོན་སྤྲོད་བྱེད་པ། མཚོ་སྔོན་གྱིས་གསར་གཏོད་འཇོན་མིའི་མཐོ་གནས་གསར་བ་བསྐྲུན་པར་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཀྲུང་གོའི་ཚན་རིག་གླིང་ལ་བཀའ་དྲིན་ཞུས་པ་ཡིན། ཀྲུང་གོའི་ཚན་རིག་གླིང་གིས་དུས་ཡུན་རིང་བོར་མཚོ་སྔོན་ལ་དོ་སྣང་དང་རོགས་རམ། རྒྱབ་སྐྱོར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་བར་དུ་བསྟུད་མར་ཐེངས་ལྔར་མཉམ་ལས་སྤེལ་ནས། མཚོ་སྔོན་གྱི་ཚན་རྩལ་གསར་གཏོད་ནུས་པ་མཐོར་འདེགས་བྱས་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཆེན་པོ་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་སྐྱེ་ཁམས་སྟེང་ཡོད་པ་དང་། ཆེས་ཆེ་བའི་འགན་འཁྲི་སྐྱེ་ཁམས་སྟེང་ཡོད་ལ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་སྟེང་ཡོད་པས། མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བཟང་བོ་བྱས་ནས། ཆུ་མོའི་འབབ་རྒྱུན་མི་ཆད་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་རང་རྒྱལ་གྱི་འབྲི་ཆུ་དང་རྨ་ཆུའི་འགོ་ཁུངས་ཡིན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་བྱེད་གནས་དང་པོ་ཡིན་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཚན་རིག་ཞིབ་འཇུག་བཟང་བོར་སྤེལ་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་དང་འབྲེལ་བ་ཡོད་ལ། སྐྱེ་ཁམས་བདེ་འཇགས་དང་མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་སུ་གཏོང་བར་ཡང་འབྲེལ་བ་ཡོད། ཚན་རིག་ཞིབ་འཇུག་གི་འདེགས་སྐྱོར་ཡོད་ན། ང་ཚོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་གདིང་ཤུགས་ཡོད། རྐྱེན་སྲོལ་ནི་འགན་སྲུང་ཡིན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་འཛུགས་པ་རྐྱེན་སྲོལ་གསར་གཏོད་བྱེད་པའི་ལག་ལེན་ཐེངས་གཅིག་ཡིན་པ་དང་། དོན་དག་གང་ཡིན་རུང་རྐྱེན་སྲོལ་ཡོད་ན། ད་གཟོད་འཁོར་སྐྱོར་བྱེད་ཐུབ། ཚན་རིག་གླིང་གིས་རྐྱེན་སྲོལ་འཛུགས་སྐྲུན་ལ་དོ་སྣང་ཆེན་པོ་བྱེད་པ་དང་། དེས་ཚན་རིག་པའི་བཅོས་སྐྱོང་འདུ་ཤེས་མཚོན་ཡོད། མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་ལ་བརྩི་བཀུར་དང་མཐོང་ཆེན་བྱེད་ངེས་པ་དང་། གྲོས་མཐུན་གྱི་ནང་དོན་ལག་བསྟར་བཟང་བོ་བྱེད་པ། མཚོ་སྔོན་གྱི་འགན་འཁྲི་ཕྲག་ཏུ་ལེན་པ། ཀྲུང་གོ་ཚན་རིག་གླིང་དང་མཉམ་དུ་ཞིབ་འཇུག་གླིང་འཛུགས་སྐྲུན་བྱས་ཏེ། ཞིབ་འཇུག་གླིང་གི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་། ཞིབ་འཇུག་གླིང་གི་གྲུབ་འབྲས་བཀོལ་སྤྱོད་བཟང་བོ་བྱེད་རྒྱུ་ཡིན་ཟེར།

ཀྲུང་གོའི་ཚན་རིན་གླིང་གི་ཡོན་ཀྲུང་གཞོན་པ་ཀྲང་ཡཱ་ཕིང་གིས་བཞུགས་མོལ་ཚོགས་འདུར་འགོ་མཛིན་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་དང་མཉམ་དུ་ཀྲུང་གོའི་ཚན་རིག་གླིང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་ཀྲུང་གོ་ཚན་རིག་གླིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་འཛུགས་སྐྲུན་བྱེད་པའི་གྲོས་མཐུན་བཀོད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་གཉིས་བཞུགས་མོལ་ཚོགས་འདུར་ཞུགས།


  • ལེ་ཚན་སྔོན་མ།: སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་བསྡུས།
  • ལེ་ཚན་རྗེས་མ།:ཝང་ཧུའུ་ཉིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ཁྲིན་གོ་ཝང་དང་གྲོས་མོལ་མཛད།
  • དོ་སྣང་ཆེ་བའི་རྩོམ།