མཚོ་སྔོན་བོད་སྐད་རླུང་འཕྲིན། 2018-06-28
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། ཨུ་རུ་སའི་ཙུང་ཐུང་ཕུའུ་ཅིན་གྱིས་ཧྲིན་པིས་ཏི་པོ་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ལ་མཇལ་འཕྲད་གནང་།
ཝང་ཆི་ཧྲན་གྱིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུའུ་ཅིན་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་མཛད། ཁོང་གིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཙུང་ཐུང་ཕུའུ་ཅིན་བར་གྱི་མཛའ་བཤེས་ལ་ཧ་ཅང་གཅེས་སྤྲས་བྱས་པར་མ་ཟད། ཁྱེད་དང་ཡང་བསྐྱར་ཐུག་འཕྲད་བྱས་ནས། མཉམ་དུ་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་འབྲེལ་བ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་གོ་རིམ་བརྗེ་མའི་འཕེལ་རྒྱས་ཇུས་འགོད་བྱེད་པར་རེ་སྒུག་བྱས་ཡོད་ཟེར།
ཝང་ཆི་ཧྲན་གྱིས་གསུངས་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཨུ་རུ་སི་བར་གྱི་མཉམ་ལས་ཐད་ལ་སེམས་ཤུགས་མང་པོ་བཏོན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱས། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོ་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དེ་རྒྱལ་ཁབ་གཉིས་དང་འཛམ་གླིང་ལའང་དོན་སྙིང་གལ་ཆེན་ལྡན་པས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་བརྩི་འཇོག་བྱེད་པ་དང་། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ། འདྲ་མཉམ་མཉམ་ལས་བྱེད་པ། རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ལ་ཕན་ཚུན་བར་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་ཐད་ནས་དཔེ་སྟོན་བྱས་པར་མ་ཟད། འཛམ་གླིང་གི་འཐབ་ཇུས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་སྐྲུན་དང་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག
ཝང་ཆི་ཧྲན་གྱིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དར་རྒྱས་གོང་འཕེལ་དུ་འགྲོ་བར་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཨུ་རུ་སི་ཕྱོགས་དང་འཐབ་ཇུས་རང་བཞིན་དང་ཡུན་རིང་རང་བཞིན་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། དངོས་གཉེར་མཉམ་ལས་ཀྱི་རིམ་པ་དང་རྒྱུ་སྤུས་མཐོར་འདེགས་སུ་བཏང་སྟེ། ཁེ་ཕན་མཉམ་འདྲེས་སྔར་ལས་མང་པོ་མངོན་འགྱུར་བྱེད་པ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།
ཕུའུ་ཅིན་གྱིས་ཝང་ཆི་ཧྲན་ལ་ཁོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་གནོང་རོགས་ཞུས་པ་དང་། ཡང་བསྐྱར་ཀྲུང་གོར་འཚམས་འདྲི་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུག་འཕྲད་བྱེད་པར་རེ་སྒུག་བྱས་ཡོད་པའི་ཚུལ་བསྟན་པར་མ་ཟད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོ་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ས་དེའི་ཚེས་ཉེར་ལྔ་ཉིན། ཝང་ཆི་ཧྲན་སྐབས་ཉེར་གཉིས་པའི་ཧྲིན་པིས་ཏི་པོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སུ་ཞུགས་པར་མ་ཟད། ཁ་ཡིག་ལ་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པ། མཉམ་དུ་འཕེལ་རྒྱས་སུ་གཏོང་བ་ཞེས་པའི་ཞུ་ཚིག་ཕུལ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10