ཞི་ཅིན་ཕིང་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གཉིས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་འབྲེལ་བ་བཙུགས་ཏེ་ལོ་འཁོར་ཉི་ཤུ་ལོན་པའི་ཐད་ནས་ཕན་ཚུན་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2018-01-03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དང་པོའི་ཚེས་གཅིག་ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མ་དང་ཕན་ཚུན་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཉི་ཤུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ལོ་ངོ་ཉི་ཤུའི་རིང་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་འབྲེལ་བར་ཁྱོན་ཡོངས་ནས་འཕེལ་རྒྱས་ཆེན་པོ་བྱུང་བར་མ་ཟད། གྲོགས་པོའི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བ་ནས་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པའི་འབྲེལ་བའི་ཚད་དུ་བསླེབས་པ་མངོན་འགྱུར་བྱས། དོན་དངོས་ཀྱི་ལག་ལེན་ལས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་ཁྱོན་ཡོངས་ཀྱི་མཉམ་ལས་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་ར་སྤྲོད་བྱུང་ཡོད། ངས་ཙུང་ཐུང་སྐུ་ཞབས་ལགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་གཉིས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ད་ལྟ་འགན་བཞེས་པའི་ཐུན་མོང་ཀྲུའུ་ཞི་རྒྱལ་ཁབ་ཡིན། 2015ལོར་ངས་སྐུ་ཞབབ་ཙུང་ཐུང་ལགས་དང་མཉམ་དུ་འགོ་འཛིན་བྱས་ནས་བསྡུས་པའི་གླེང་སྟེགས་ཡོ་ཧན་ནེ་སི་པའོ་མཐོ་རིམ་གྲོས་ཚོགས་ལ་ཕུན་སུམ་ཚོགས་པའི་གྲུབ་འབྲས་ཐོབ། ཙུང་ཐུང་སྐུ་ཞབས་ལགས་ཀྱིས་བཏོན་པའི་གྲོས་གཞི་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ཡོངས་ཁྱབ་ཀྱི་རེ་འདུན་གཞིར་བཟུང་སྟེ། ཀྲུང་གོ་ཕྱོགས་ལ་2018ལོར་ཀྲུང་གོ་ནས་གླེང་སྟེགས་མཐོ་རིམ་གྲོས་ཚོགས་བསྡུ་རྒྱུར་འཐད་པ་བྱུང་། ངས་ཙུང་ཐུང་སྐུ་ཞབས་ལགས་དང་གླེང་སྟེགས་སུ་ཞུགས་པའི་ཨ་ཧྥེ་རི་ཁའི་ཁོངས་མི་གཞན་པའི་འགོ་ཁྲིད་པ་བཅས་དང་མཉམ་དུ་2018ལོའི་གླེང་སྟེགས་མཐོ་རིམ་གྲོས་ཚོགས་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་གྱི་མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་སྣོན་པའི་ལོ་རྒྱུས་རང་བཞིན་གྱི་ཚོགས་ཆེན་གཟབ་རྒྱས་ཤིག་ཏུ་བསྡུ་བར་འབད་བརྩོན་བྱེད་འདོད་ཡོད་ཟེར།

ཙུའུ་མ་ཡིས་བཤད་རྒྱུར། འདས་པའི་ལོ་ཉི་ཤུའི་རིང་ལ། ཨ་ཧྥེ་རི་ཁ་ལྷོ་མ་དང་ཀྲུང་གོ་གཉིས་ཀྱིས་སྲོལ་རྒྱུན་མཛའ་མཐུན་དང་ཕན་ཚུན་བར་ཡིད་ཆེས་བྱེད་པའི་རྨང་གཞིའི་སྟེང་། དགའ་འོས་པའི་མཉམ་ལས་གྲུབ་འབྲས་བླངས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བར་མ་ཟད། འཐབ་ཇུས་ཀྱི་དོན་སྙིང་སྔར་ལས་གལ་ཆེན་ལྡན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞི་རྒྱལ་ཁབ་ཡིན་པའི་ཆ་ནས། ཨ་ཧྥེ་རི་ཁ་ལྷོ་མས་ཨ་ཧྥེ་རི་ཁ་དང་ཀྲུང་གོ་གཉིས་ཀྱི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཤུགས་བསྐྱེད་པ་དང་། 2015ལོའི་གླེང་སྟེགས་ཡོ་ཧན་ནེ་སི་པའོ་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་། ང་རང་གིས2018ལོའི་ཟླ་དགུ་བར་ཀྲུང་གོ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྐབས་གསར་བའི་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་རེ་སྒུག་བྱས་ཡོད་ལ། ངས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་འཁོར་ཉི་ཤུ་ལོན་པ་དང་བསྟུན་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་ཤུགས་སྣོན་པ་དང་། མཉམ་ལས་རྒྱ་བསྐྱེད་དེ། མཉམ་རྒྱལ་མངོན་འགྱུར་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར། 


  • ལེ་ཚན་སྔོན་མ།:ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སིང་ཀ་ཕོར་དུ་འཚམས་འདྲི་གནང་བ།
  • ལེ་ཚན་རྗེས་མ།:རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་མི་རིགས་ལས་དོན་བཅོས་སྐྱོང་གི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་པེ་ཅིན་ནས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།