དབྱི་རག་དམག་དཔུང་གིས་དབྱི་རག་ཤར་ཕྱོགས་ས་ཁུལ་གྱི་ཏིས་ཡཱ་ལཱ་ཞིང་ཆེན་ཕྱིར་འཕྲོག་ལེན་བྱས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2015-01-28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་བདེ་འཇགས་དམག་དཔུང་གིས་བསྒྲགས་པ་ལྟར་ན།དབྱི་རག་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་ཤར་ཕྱོགས་ས་ཁུལ་གྱི་ཏིས་ཡཱ་ལཱ་ཞིང་ཆེན་ནས་སྤེལ་བའི་ཉིན་གསུམ་རིང་གི་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་མཇུག་སྒྲིལ་བ་དང་།ཞིང་ཆེན་དུ་སྦས་སྐོང་བྱེད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གཙང་བཤེར་བྱས་ཏེ་ཞིང་ཆེན་དེ་ཕྱིར་འཕྲོག་ལེན་བྱས་ཟེར།

ཏིས་ཡཱ་ལཱ་ཞིང་ཆེན་གྱི་ཉེན་རྟོག་ཅུའུ་ཀྲང་ཞེ་མཱ་ལེ་ཡིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་བར་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་ལྔའི་དགོང་མོའི་བར་འཁྲུག་རྩོད་བྱས་ཏེ། དབྱི་རག་དམག་དཔུང་གིས་བདེ་བླག་ངང་ཏིས་ཡཱ་ལཱ་ཞིང་ཆེན་ཕྱིར་འཕྲོག་ལེན་བྱས་ཟེར། ཁོས་བསྟན་དོན། ཐེངས་འདིའི་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་ཁྲོད་བསྡོམས་པས་དབྱི་རག་དམག་མི་དང་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་ང་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉིས་བརྒྱ་དང་ཞེ་བརྒྱད་ལ་རྨས་ཕོག་ཟེར།

གཞན་ཡང་ཏིས་ཡཱ་ལཱ་ཞིང་ཆེན་གྱི་འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན། ཉིན་དེར་ཞིང་ཆེན་དེའི་མཱ་ཀི་ཏཱ་ཏིས་ཡེ་གྲོང་ཁྱེར་ནས་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་ལ་དམིགས་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞི་ལ་རྨས་ཕོག་ཟེར།  །

  • ལེ་ཚན་སྔོན་མ།:ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་ན་ཆུང་སློབ་མ་དག་ལ་ཐ་སྙད་ཉན་འབྲིའི་འགྲན་སྡུར་སྤེལ།
  • ལེ་ཚན་རྗེས་མ།:བོད་ཀྱི་ཆེས་ཐོག་མའི་དྲ་མཛོད་ཆེན་མོ་དངོས་སུ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།