སྐབས་དང་པོའི་སྐ་ཆུ་རྟགས་མའི་བོད་འགྱིག་འགྲན་སྡུར་སྤེལ་བ།

མཚོ་སྔོན་པོ་དྲ་བ།        2013-01-18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། འགྱིག་ནི་བོད་མང་ཚོགས་ཁྲོད་དང་སྒོས་སུ་སྐྱེས་པ་རྣམས་ཀྱིས་དགའ་བསུ་ཐོབ་པའི་རྩེད་མོའི་རིག་གནས་བྱེ་བྲག་ཅིག་སྟེ། འབྲེལ་ཡོད་བཤད་ཚུལ་ལྟར་ན་བཙན་པོའི་བང་སོ་ལས་རྙེད་པར་བཤད་པས་ལོ་རྒྱུས་རིང་ཞིང་། རིགས་དང་རྣམ་པ་མི་འདྲ་བ་མང་དུ་ཡོད་མོད། ཨ་མདོ་རྔ་བ་ཁུལ་སྐ་གཞོངས་འབྲོག་ཁུལ་དུ་དར་ཁྱབ་ཆེ་བ་ནི་སྒམ་འགྱིག་རེད།

   ཟླ1པོའི་ཚེས12ཉིན། མདོ་སྨད་ཨ་མདོ་རྔ་བ་ཁུལ་སྐ་ཆུ་རྫོང་གི་རིག་གནས་ལུས་རྩལ་དང་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་པར་སྐྲུན་ཅུའུ་ཡིས་འཐུས་སྒོ་ཚང་བའི་རྩ་འཛུགས་འོག་བོད་ཀྱི་དམངས་ཁྲོད་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་དར་སྤེལ་གཏོང་ཆེད། རྫོང་ཡོངས་ལ་ཁ་ཕྱོགས་ཏེ་སྒམ་འགྱིག་གིས་སྐབས་དང་པོའི་སྐ་ཆུ་རྟགས་མའི་བོད་འགྱིག་འགྲན་སྡུར་སྤེལ།

   འགྲན་སྡུར་དེར་གཞི་རིམ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་སྟེ། སྡེ་བ་དང་ཡུལ་ཚོ་སོ་སོའི་དམངས་ཁྲོད་འགྱིག་པ་རྣམས་དགའ་སྤྲོ་འུར་ལོང་གིས་རྫོང་མི་དམངས་ལུས་རྩལ་ཁང་ཉིས་ཐོག་གི་བར་ཁྱམས་ཉི་འོད་འཁྱིལ་དུ་འགྲན་ཞུགས་མི་གྲངས་སོ་གཅིག་ལྷག་འགྲན་སྡུར་ལ་ཞུགས། འགྱིག་གཤིབ་ཀྱི་འགྲན་རྩོད་བྱ་རིམ་ལ། ཐོག་མར་ཚོ་ཆུང་བརྒྱད་དུ་བགོས་ཤིང་། ཚོ་ཆུང་རེ་ལ་འགྱིག་པ་བཞི་རེ་ཡོད། ཚོ་ཆུང་རེ་རེའི་ནང་ནས་འགྱིག་པ་ཚོས་བཞི་ཐུག་གིས་འགྲན་རྩོད་བྱས་མཐར་ཨང་དང་པོ་དང་གཉིས་པ་ལ་འགྲན་སྡུར་བར་མའི་ནང་དུ་ཞུགས་རྒྱུའི་གོ་སྐབས་ཐོབ། བར་དུ་འགྱིག་པ་བཅོ་བརྒྱད་སླར་ཡང་རྒྱན་འཕེན་གྱིས་ཚོ་ཆུང་བརྒྱད་དུ་བགོས་ཤིང་། ཚོ་ཆུང་རེ་ལ་འགྱིག་པ་གཉིས་རེ་ཡོད། དེ་ཚོར་ཕོ་འཇུ་མོ་འཇུ་ཐེངས་གསུམ་གྱིས་རྒྱལ་ཕམ་རྩོད་དུ་བཅུག་མཐར་རྒྱལ་ཁ་ཐོབ་མཁན་འགྱིག་པ་བརྒྱད་བྱ་དགའ་རྩོད་པའི་རིམ་པར་ཞུགས། དེ་ནས། སླར་ཡང་རྒྱན་འཕེན་གྱིས་འགྱིག་པ་བརྒྱད་ཚོ་ཆུང་བཞི་རུ་བགོས་ཏེ་འགྲན་ཐེངས་གཅིག་གིས་འགྱིག་པ་བཞི་ཨང་དང་པོ་ནས་བཞི་པའི་བར་གྱི་མཐོ་རིམ་འགྲན་རར་བདམས་ཐོན་བྱུང་བ་དང་། ལྷག་མའི་འགྱིག་པ་བཞི་ཨང་ལྔ་བ་ནས་བརྒྱད་པའི་བར་གྱི་དམའ་རིམ་འགྲན་རར་ཞུགས།

    མཐར་ཚེས14ཉིན་གྱི་ཕྱི་དྲོར། རྟིང་རྩོད་འགྲན་སྡུར་ཏེ། མཐོ་རིམ་འགྲན་རའི་འགྲན་ཞུགས་པ་ཚོས་བཞི་ཐུག་གིས་ཨང་དང་པོ་ནས་བཞི་པའི་བར་གྱི་རིམ་པ་བརྩད་པ་དང་། དེ་བཞིན་དམའ་རིམ་འགྲན་རའི་འགྲན་ཞུགས་པ་ཚོས་ཨང་ལྔ་པ་ནས་བརྒྱད་པའི་བར་གྱི་རིམ་པ་བརྩད་པ་རེད།  །

  • ལེ་ཚན་སྔོན་མ།:ཆོས་དབྱིངས་སྐྱིད་ལ2012ལོའི་ཕུལ་བྱུང་ལུས་རྩལ་མི་སྣ་གསར་བའི་བྱ་དགའ་ཐོབ་པ།
  • ལེ་ཚན་རྗེས་མ།:ཝུའུ་པང་གོ་ཡིས་ཐེ་གོའི་གྲོས་ཁང་གོང་མའི་གྲོས་དཔོན་ཉི་ཁུང་བཱ་ལ་ཕ་ཉི་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།