གཡག་རྔ་ནས་དར་མདོའི་བར་གྱི་མྱུར་ལམ་ཚེས༢༠ཉིན་ལས་འགོ་ཚུགས།

སྐལ་ཐུབ་ཀྱིས་བསྒྱུར།        2014-04-24

ཟླ་བ4པའིཚེས20ཉིན།ལུའུ་ཧྲན་ས་འགུལ་ཆེན་པོ་ཡོང་ནས་ལོ་འཁོར་གཅིག་སོང་བའི་དུས་སྐབས་སུ།གཡག་རྔའི་གྲོང་ཁྱེར་འགག་སྨད་རྫོང་གི་ལའོ་དབྱིན་ཤང་ཧྥེ་ཞན་འཕྲང་འགག་གི་ཕུག་ལམ་གྱི་ཕྱིར་འབུད་ལམ་ཁའི་ནུས་མང་མཉམ་སྦྲེལ་གྱི་ལས་ཡུལ་དུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ལས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།སྐབས་དེར་བསླེབས་ཚེ་ལུའུ་ཧྲན་ས་འགུལ་ཆེན་པོ་བྱུང་ནས་གནོད་རྗེས་འགྲིམ་འགྲུལ་ཉམས་གསོ་བསྐྱར་འཛུགས་བྱེད་པའི་འཆར་འགོད་ཀྱི་གཅིག་ཐོག་བརྒྱད་སྣོན་པའི་འགྲིམ་འགྲུལ་རྣམ་གྲངས་གལ་ཆེན་ཚང་མ་ལས་འགོ་ཡོངས་སུ་ཚུགས་པ་རེད།
 ཞིང་དཔོན་ཝེ་ཧུང་གིས་གསུང་བཤད་གལ་ཆེན་གནང་བ་རེད།ཁོང་གིས་བསྟན་དོན།གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ནི་གཡག་རྔ་དང་དར་མདོའི་བར་སྦྲེལ་མཐུད་བྱེད་ཅིང་།ནང་ས་དང་བོད་ཁུལ་བར་འབྲེལ་བ་དང་།ཁྲེང་ཏུའུ་བདེ་ཐང་གི་དཔལ་འབྱོར་ས་ཁུལ་དང་ཁྲོན་ལྷོའི་དཔལ་འབྱོར་ས་ཁུལ།ཕན་ཀྲི་ཧྭའི་ནུབ་ཕྱོགས་དཔལ་འབྱོར་ས་ཁུལ་བཅས་དང་དཀར་མཛེས་བོད་ཁུལ་བར་སྦྲེལ་ཞིང་དེ་ནས་བོད་ལྗོངས་སུ་བསྐྱོད་པའི་འགྲོ་ལམ་གལ་ཆེན་ཞིག་ཡིན་པ་མ་ཚད།རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བའི་གཡག་རྔ་ནས་ཞིན་ཅང་གི་ཡེ་གྲོང་བར་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད།དེ་ནི་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་གྱི་ཚེ་སྲོག་གི་འགྲོ་ལམ་ཆེན་པོ་ཞིག་ཡིན་ལ་ནང་ས་ནས་བོད་ཁུལ་དུ་ཕྱིན་ཞིང་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ལམ་ཆེན་ཞིག་དང་ཆབ་སྲིད་ཀྱི་འགྲོ་ལམ་ཆེན་པོ་ཞིག་ཀྱང་ཡིན་པ་རེད།གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་པ་དེས་དཀར་མཛེས་ཁུལ་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་ཀྱི་མཇུག་བསྒྲིལ་ཞིང་།མི་རིགས་ས་ཁུལ་གྱི་འགྲིམ་འགྲུལ་ཆ་རྐྱེན་ཇེ་ཡག་ཏུ་གཏོང་བ་དང་།ཁྲོད་བོད་ཀྱི་དཔལ་འབྱོར་བརྒྱུད་ལམ་བསྐྲུན་ཞིང་།བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་སྤེལ་གཏོང་བ་སོགས་ལ་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད།
    གཡག་རྔ་ནས་དར་མདོའི་བར་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ135ཡོད་ཅིང་།རླངས་འཁོར་བཞི་གཤིབ་རྒྱུ་ཆོག་པའི་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱ་རྒྱུ་ཡིན་ལ།མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ80རྒྱུ་ཆོགཚོད་རྩིས་བྱས་པའི་རྣམ་གྲངས་ཀྱི་མ་དངུལ་བསྡོམས་འབོར་ཧ་ལམ་སྒོར་དུང་ཕྱུར231གཏང་རྒྱུ་ཡིན་ལ་སྤྱི་ལེ་རེར་བཟོ་སྐྲུན་འགྲོ་གྲོན་སྒོར་དུང་ཕྱུར1.7ཡིན་པས་མིག་སྔར་ཞིང་ཆེན་ཡོངས་སུ་ཆ་སྙོམས་བཟོ་སྐྲུན་འགྲོ་གྲོན་ཆེས་མཐོ་བའི་རི་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཞིག་ཡིན་པ་རེད།ལམ་ཡོངས་སུ་ཟམ་པ་དང་ཕུག་ལམ་མང་པོ་ཡོད་ཅིང་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་དེ་བརྒྱ་ཆ82ཐོག་བསླེབས་པས་མིག་སྔར་ཞིང་ཆེན་ཡོངས་ཀྱི་ཟམ་པ་དང་ཕུག་ལམ་ཀྱི་བསྡུར་ཚད་ཆེས་མཐོ་བའི་མྱུར་བགྲོད་གཞུང་ལམ་ཞིག་ཡིན་པ་རེད།དེའི་ནང་དུ་ཚོད་འཛིན་རང་བཞིན་གྱི་ཨར་ལས་གཙོ་བོ་ཨེར་ལང་རི་བོའི་ཕུག་ལམ་གཙོ་བོའི་སྤྱིའི་རིང་ཚད་སྤྱི་ལེ13.4ཡིན་ལ་རྒྱལ་ཡོངས་སུ་མྱུར་བགྲོད་གཞུང་ལམ་ཕུག་ལམ་གྱི་ཨང་གསུམ་པའི་གྲས་སུ་གནས།རྣམ་གྲངས་དེ2017ལོར་བསྐྲུན་གང་ཐུབ་བྱ་རྒྱུ་དང་།དེའི་ཚེ་ཁྲེང་ཏུའུ་ནས་དར་མདོའི་བར་ཕྱིན་པའི་ཚེ་མིག་སྔའི་ཆུ་ཚོད5འགྲོ་དགོས་པ་དེ་ཆུ་ཚོད3ལས་མི་འགོར་བ་རེད།
  • ལེ་ཚན་སྔོན་མ།:བྱིས་པའི་བོད་ཀྱི་ལོ་རྒྱུས་ཀྱི་ཀློག་དེབ་ཐོག་མ་སྟེ《བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན》འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།: དར་མདོ་རྫོང་གིས་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ལ་དངོས་ཟོག་ཉོ་སའི་བྱང་བུ་སྤྲད།
  • དོ་སྣང་ཆེ་བའི་རྩོམ།