《ཀྲུང་གོ་སྤྱི་དམངས་ཀྱི་མི་རིགས་འབྱུང་ཁུངས་དོ་དམ་བྱེད་ཐབས》དེ་སྤྱི་ཚོགས་ལ་བསམ་འཆར་བསྡུ་ལེན་བྱས།
མིག་དམར་གྱིས་བསྒྱུར། 2014-12-17
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ12པའི་ཚེས2ཉིན་འབྱོར་བའི་གཏམ་གསར། གིས་གོང་ཚེས་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་ལུགས་གཞུང་ལས་ཁང་གིས་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན།སྤྱི་བདེ་པུའུ་དང་མཉམ་དུ་ཞིབ་འཇུག་གཏན་འཁེལ་བྱས་པའི《ཀྲུང་གོ་སྤྱི་དམངས་ཀྱི་མི་རིགས་འབྱུང་ཁུངས་དོ་དམ་བྱེད་ཐབས》(སྤྱི་ཡོངས་ལ་བསམ་འཆར་བསྡུ་ལེན་གྱི་མ་ཟིན)དེ་སྤྱི་ཚོགས་ལ་བསམ་འཆར་བསྡུ་ལེན་བྱས་པ་རེད།
བསམ་འཆར་བསྡུ་ལེན་གྱི་མ་ཟིན་ལ་གཞིགས་ན། སྤྱི་དམངས་ཀྱིས་དོན་དངོས་ཀྱི་གནས་ཚུལ་སྦས་ནས་དཔང་ཡིག་རྫུན་མ་བཟོ་བ་དང་བཟོ་བཅོས། བདེན་དཔང་བྱས་ཏེ་མི་རིགས་ཀྱི་འབྱུང་ཁུངས་བསྒྱུར་བའི་སྙན་ཞུ་ཕུལ་བར་མི་རིགས་དོན་གཅོད་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་བྱས་པའི་གྲོས་གཞི་མེད་པར་བཟོ་དགོས་པ་དང་།སྤྱི་བདེ་ལས་ཁུངས་ཀྱིས་མི་རིགས་འབྱུང་ཁུངས་བསྒྱུར་བའི་ཐོ་འགོད་མེད་པར་བཟོ་དགོས་པའི་དུས་མཚུངས་སུ་འབྲེལ་ཡོད་ལས་ཁུངས་ལ་བརྡ་ཁྱབ་བཏང་སྟེ་སྤྱི་དམངས་དེས་མི་རིགས་འབྱུང་ཁུངས་རྫུན་མར་བརྟེན་ནས་ལོངས་སུ་སྤྱོད་པའི་འབྲེལ་ཡོད་ཀྱི་ཁེ་དབང་ཚུར་བསྡུ་དགོས། བདེ་འཇགས་དོ་དམ་ལ་འགལ་བའི་བྱ་སྤྱོད་བཅའ་ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཉེས་ཆད་གཅོད་དགོས།བྱས་ཉེས་སུ་འགྲུབ་ཕྱིར་བཅའ་ཁྲིམས་ལ་བརྟེན་ནས་ཉེས་འགན་བདའ་འདེད་བྱ་དགོས།
དེ་དང་ཆབས་ཅིག བསམ་འཆར་བསྡུ་ལེན་བྱེད་པའི་མ་ཟིན་ལས་གཏན་འཁེལ་བྱས་དོན། སྤྱི་དམངས་ཀྱི་མི་རིགས་འབྱུང་ཁུངས་དེ་ཕ་མའམ་ཡང་ན་མའི་མི་རིགས་འབྱུང་ཁུངས་ལ་གཞིགས་ནས་གཏན་འཁེལ་དང་ཐོ་འགོད་བྱ་དགོས། བྱེད་ཐབས་འདི་ལས་བཤད་པའི་ཕ་མ་ནི་ལུས་སྦྱིན་ཕ་མ་དང་གསོ་མཁན་གྱི་ཕ་མ། ཕ་(མ)ཡ་བཅས་ཚུད་པ་རེད།སྤྱི་དམངས་ཀྱི་མི་རིགས་འབྱུང་ཁུངས་གཏན་འཁེལ་བྱས་ཏེ་ཐོ་འགོད་བྱས་རྗེས་སྤྱིར་བཏང་གནས་ཚུལ་འོག་བསྒྱུར་མི་ཆོག་པ་རེད།
བསམ་འཆར་བསྡུ་ལེན་གྱི་མ་ཟིན་ལས་གཏན་འཁེལ་བྱས་པ་སྟེ། རིམ་པ་སོ་སོའི་མི་རིགས་དོན་གཅོད་ལས་ཁུངས་ཀྱིས་མི་རིགས་ཀྱི་འབྱུང་ཁུངས་བསྒྱུར་བར་དུས་བཀག་ལྟར་སྙན་སེང་ཐོ་འགོད་བྱེད་པའི་ལམ་ལུགས་འཛུགས་དགོས། གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་མི་རིགས་དོན་གཅོད་ལས་ཁུངས་ཀྱིས་ལོ་རེའི་ལོ་ཕྱེད་ནང་གྲོང་ཁྱེར་ཡོངས་ཀྱི་མི་རིགས་འབྱུང་ཁུངས་བསྒྱུར་བར་ཞིབ་དཔྱད་བྱས་ཚུལ་དེ་ཞིང་ཆེན་རིམ་པའི་མི་རིགས་དོན་གཅོད་ལས་ཁུངས་ལ་སྙན་སེང་ཐེངས་རེ་ཞུ་དགོས། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་མི་རིགས་དོན་གཅོད་ལས་ཁུངས་ཀྱིས་ལོ་རེར་ཞིང་ཆེན་ཡོངས་ཀྱི་མི་རིགས་འབྱུང་ཁུངས་བསྒྱུར་བའི་བསྡོམས་རྩིས་གཞི་གྲངས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་དོན་གཅོད་སྡེ་ཁག་ལ་སྙན་སེང་ཐོ་འགོད་ཐེངས་གཅིག་ཞུ་དགོས་པ་རེད།