2014-12-17
ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ནན་ཅིན་དམག་ཁུལ་ལས་ཁུངས་ལ་གཟིགས་ཞིབ་མཛད། ར་འདི་ནི་ཞི་ཅིན་ཕེན་གྱིས་ནན་ཅིན་དུ་སྡོད་པའི་དམག་དཔུང་གི་ཁྲི་དཔོན་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་ནན་ཅིན་དམག་ཁུལ་ལས་ཁུངས་ཀྱི་མདའ་དཔོན་ཡན་གྱི་མགོ་ཁྲིད་ལས་བྱེད་པར་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་མཉམ་དུ་པར་བླངས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན་ནན་ཅིན་དམག་ཁུལ་ལས་ཁུངས་ལ་གཟིགས་ཞིབ་མཛད། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ནན་ཅིན་དམག་ཁུལ་དམག་དཔུང་གི་དཔོན་དམག་ཡོངས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུས་པར་མ་ཟད། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ། དམག་དཔུང་གསར་བརྗེ་ཅན་དང་དེང་རབས་ཅན། དངོས་གཞི་ཅན་བཅས་ཀྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ནས། ཏང་དང་མི་དམངས་ཀྱིས་གནང་བའི་གཟི་བརྗིད་ལས་འགན་ལག་བསྟར་ནན་མོ་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕེན་གྱིས་ནན་ཅིན་དུ་སྡོད་པའི་དམག་དཔུང་གི་ཁྲི་དཔོན་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་ནན་ཅིན་དམག་ཁུལ་ལས་ཁུངས་ཀྱི་མདའ་དཔོན་ཡན་གྱི་མགོ་ཁྲིད་ལས་བྱེད་པར་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་མཉམ་དུ་པར་བླངས།
ནན་ཅིན་དམག་ཁུལ་གྱི་བྱ་བའི་ཡར་ཞུ་ལ་ཉན་རྗེས། ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། བསམ་བློའི་ཆབ་སྲིད་བྱ་བ་ངེས་པར་དུ་བཟང་བོར་སྒྲུབ་དགོས། ཅུང་མ་འགོར་བའི་སྔོན་ལ་བསྡུས་པའི་དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་སྟེང་ཏང་གི་བསམ་བློ་དང་ཆབ་སྲིད་ཐད་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་གནད་དོན་གལ་ཆེན་གཙོ་བོར་བཟུང་སྟེ་ཞིབ་འཇུག་དང་ཐག་གཅོད་བྱས་ནས། གནས་བབ་གསར་བའི་འོག་དམག་དཔུང་གི་ཆབ་སྲིད་བྱ་བ་གཙིགས་འཛིན་དང་ལེགས་བཅོས་བྱེད་པའི་ཐད་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གནད་འགག་ནི་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ་དེ་ཡིན་པས། གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པའི་ཐད་ལ་འབད་བརྩོན་བྱེད་པ་དང་། ཆབ་སྲིད་བྱ་བ་ལེགས་བཅོས་དང་གསར་བསྐྲུན་བྱེད་པའི་ཐད་ལ་འབད་བརྩོན་བྱེད་པ། གནད་དོན་གཙོ་བོ་ཐག་གཅོད་བྱེད་པའི་ཐད་ལ་འབད་བརྩོན་བྱེད་དགོས་པར་མ་ཟད། ཞུའུ་ཚེ་ཧིག་གི་གྱོད་གཞིའི་བསླབ་བྱ་ནན་མོ་བསྡུ་ལེན་བྱས་ནས། བསམ་བློ་དང་ཆབ་སྲིད། རྩ་འཛུགས། ཀུན་སྤྱོད་བཅས་ཀྱི་ཐད་ནས་ཞུའུ་ཚེ་ཧིག་གི་གྱོད་གཞིའི་ཤུགས་རྐྱེན་ངན་པ་མེད་པར་བཏང་ནས། དམག་དཔུང་གིས་ནམ་ཡང་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཀོད་འདོམས་ལ་ཉན་པར་ཁག་ཐེག་བྱེད་དགོས་ཟེར།
ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་དང་དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་མགོ་ཁྲིད་དང་ལས་ཁུངས་ཀྱིས་ཁྲིམས་ལྟར་དམག་དཔུང་གི་གཞི་རིམ་འཛུགས་སྐྲུན་ལ་འཆར་འགོད་དང་མཛུབ་སྟོན་བྱས་ནས། དམག་དཔུང་གི་གཞི་རིམ་འཛུགས་སྐྲུན་རྩ་གནད་ལྟར་བྱ་བ་སྒྲུབ་པ་དང་། གཞི་རིམ་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཡར་ཐོན་དང་འཐུས་ཚང་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10