མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-04-03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་གོ་སྐབས་དང་བསྟུན་ནས། ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་ནས་ཟླ་བཞི་བའི་ཚེས་གཅིག་ཉིན་བར། མཚོ་སྔོན་ཞིང་ཆེན་གྱིས་དངུལ་རྩའི་བྱ་བའི་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཝང་ཞའོ་ཆིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ། ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་དང་ཁྲིན་ལིས་ཧྭ་བཅས་ཀྱིས2013ལོའི་མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྔོན་ཐོན་ས་ཁུལ་དང་སྔོན་ཐོན་ལས་ཁུངས། སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་མཁན་ལ་བྱ་དགའ་གནང་། ལོ་ཧོས་ཉིན་དང་ཧའོ་ཕིན་གཉིས་ཀྱིས་གཏམ་བཤད་གལ་ཆེན་སྤེལ་བ་དང་། ཝང་ཞའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་སྤྱི་བསྡོམས་གཏམ་བཤད་སྤེལ།

ལོ་ཧོས་ཉིན་གྱིས་བསྟན་དོན། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩའི་ལས་རིགས་ཀྱི་འཕེལ་རྒྱས་དེ་འགྲན་རྩོད་ཆེན་པོར་འཕྲད་ཡོད་པ་མ་ཟད། གོ་སྐབས་ཀྱང་ཆེན་པོ་ལྡན་པས། ང་ཚོས་འཕེལ་རྒྱས་ཀྱི་གནས་བབ་དམ་འཛིན་དང་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ཏེ། གནས་ཚུལ་གསར་བར་ཞིབ་འཇུག་དང་གནད་དོན་གསར་བ་ཐག་གཅོད་བྱེད་པ་དང་། རང་འགུལ་གྱིས་བཅོས་བསྒྱུར་ཟབ་སྤེལ་དང་ཡང་བསྐྱར་དགེ་མཚན་གསར་བ་བསྐྲུན་་ནས། ཧུར་ཐག་གིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་མཇུག་ལ་ཐོན་དུས། དངུལ་རྩའི་ལས་རིགས་དེ་མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་གཙོ་བོར་འཛུགས་སྐྲུན་བྱེད་དགོས་ཟེར།

ལོ་ཧོས་ཉིན་གྱིས་དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། དངུལ་བསྲེས་གཞི་ཁྱོན་སྔར་ལས་རྒྱ་བསྐྱེད་དེ། ཧུར་ཐག་གིས་ཁེ་ལས་འབྲིང་ཆུང་ལ་རྒྱབ་སྐྱོར་བྱེད་པ་དང་། དངུལ་རྩའི་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་གཏོང་བ་དང་། དངུལ་རྩའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་བཏང་ནས། དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་རྒྱུ་སྤུས་དང་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས་པ་མ་ཟད། ནུས་ཤུགས་ཡོད་རྒུས་དངུལ་རྩའི་ཐད་ཀྱི་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་བྱེད་དགོས་ཞེས་ནན་གྱིས་བསྟན། ཁོས་ད་དུང་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དངུལ་རྩར་དོ་སྣང་ཆེན་པོ་བྱེད་པ་དང་། དངུལ་རྩ་བཀོལ་སྤྱོད་བྱེད་པར་སློབ་སྦྱོང་བྱེད་པ། ཕན་ནུས་ལྡན་པའི་སྒོ་ནས་དངུལ་རྩར་དོ་དམ་བྱེད་པ་བཅས་བྱས་ནས། མུ་མཐུད་ནས་མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩའི་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས་པའི་རེ་བ་བཏོན།

ཧའོ་ཕིན་གྱིས་བསྟན་དོན། དངུལ་རྩའི་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་རྗེས་ལུས་ཡིན་པའི་མཚོ་སྔོན་ཞིང་ཆེན་ལ་མཚོན་ན་ནུས་པ་ཁྱད་པར་ཅན་ལྡན། ད་ལྟའི་དུས་རིམ་གྱི་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། རྒྱུ་སྤུས་ཇེ་མཐོ་དང་གྲུབ་འབྲས་ཇེ་ཆེར་གཏོང་བར་ཁག་ཐེག་བྱེད་དགོས་ན། དངུལ་རྩས་ངེས་པར་དུ་རྒྱུན་མཐུད་ནས་ཤུགས་འདོན་པ་དང་། དངུལ་བསྲེས་ཀྱི་ནུས་པ་ཆེན་པོ་རྒྱུན་འཁྱོངས་བྱེད་དགོས་ལ། དངུལ་རྩས་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་རེ་བ་ཁོང་དུ་ཆུད་པར་བྱས་ཏེ། བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་དང་ལག་བསྟར་ནན་མོ་བྱས་ནས། 2014ལོའི་དངུལ་རྩའི་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས། གཅིག ནུས་ཤུགས་ཡོད་རྒུས་དངུལ་རྩའི་བཅོས་བསྒྱུར་སྒོ་འབྱེད་སྤེལ་དགོས། གཉིས། ནུས་ཤུགས་ཡོད་རྒུས་འགན་ལེན་མ་ལག་འཛུགས་སྐྲུན་བྱེད་དགོས། གསུམ། མ་རྩའི་ཚོང་ར་བཀོལ་སྤྱོད་བཟང་བོ་བྱེད་དགོས། བཞི། རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་དགོས། ལྔ། མཛུབ་སྟོན་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས་ཞེས་ནན་གྱིས་བསྟན།

ཝང་ཞའོ་ཡིས་སྤྱི་བསྡོམས་གཏམ་བཤད་ཁྲོད་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་མ་ལག་གིས་ཧྲུའུ་ཅི་ལོ་ཧོས་ཉིན་དང་ཧྲིན་ཀྲང་ཧའོ་ཕིན་གཉིས་ཀྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩའི་བྱ་བའི་གནས་བབ་གསར་བ་བསྐྲུན་དགོས་པའི་རེ་བ་བཏོན། ཁོས་དམིགས་འབེན་ལ་དམ་པོར་དམིགས་ཏེ་དངོས་འབེབ་དམ་འཛིན་བྱེད་དགོས་པ་དང་། བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ་དངོས་འབེབ་དམ་འཛིན་བྱེད་དགོས་ལ། དངོས་གཉེར་གསར་སྐྲུན་བྱས་ཏེ་དངོས་འབེབ་དམ་འཛིན་བྱེད་དགོས་པ་དང་། ཁོར་ཡུག་ལེགས་བཅོས་བྱས་ཏེ་དངོས་འབེབ་དམ་འཛིན་བྱེད་དགོས་ཤིང་། ཉེན་ཁར་སྔོན་འགོག་ཚོད་འཛིན་བྱས་ཏེ་དངོས་འབེབ་དམ་འཛིན་བྱེད་དགོས་པའི་རེ་བ་བཏོན།  །

  • ལེ་ཚན་སྔོན་མ།:བོད་ཀྱི་གསོ་རིག་ཐང་གའི་བརྩམས་ཆོས་འགྲེམ་སྟོན་པེ་ཅིང་དུ་སྤེལ་བ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2014ལོའི་ལོ་ཚོགས་སུ་ཞུགས་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།