མང་རྫོང་མི་རིགས་སློབ་འབྲིང་གིས་སྐབས་དང་པོའི་སློབ་རའི་དམངས་གླུ་འགྲན་བསྡུར་སྤེལ་བ།

    མཚོ་སྔོན་པོ་དྲ་བ།    2014-03-31

མང་རྫོང་མི་རིགས་སློབ་འབྲིང་གིས་སྐབས་དང་པོའི་སློབ་རའི་དམངས་གླུ་འགྲན་བསྡུར་སྤེལ་བ།
མང་རྫོང་མི་རིགས་སློབ་འབྲིང་གིས་སྐབས་དང་པོའི་སློབ་རའི་དམངས་གླུ་འགྲན་བསྡུར་སྤེལ་བ།

      དེ་ཡང་། ཡོད་ཚད་ལྗང་མདོག་གིས་བཀླུབས་ལ་ཉེ་བའི་སྤྲོ་སྐྱིད་ཀྱི་དཔྱིད་ཟླ་འགོ་མ་འདིར། མང་རྫོང་མི་རིགས་སློབ་འབྲིང་གི་བཟོ་ཚོགས་དང་ཐོན་ཨུ། སློབ་སྟོན་ཁང་། བུད་མེད་ལྷན་ཚོགས་བཅས་ཀྱི་མཉམ་སྒྲུབ་འོག སློབ་མའི་བསླབ་ཕྱིའི་འཚོ་བ་དང་སློབ་སྦྱོང་གི་ནང་དོན་ཕུན་སུམ་ཇེ་ཚོགས་དང་། བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་དགའ་ཞེན། རྒྱུད་འཛིན་དང་དར་སྤེལ་བཅས་སུ་དམིགས་པའི་སློབ་རའི་དམངས་གླུ་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤེལ་བ་རེད།

མང་རྫོང་མི་རིགས་སློབ་འབྲིང་གིས་སྐབས་དང་པོའི་སློབ་རའི་དམངས་གླུ་འགྲན་བསྡུར་སྤེལ་བ།
དམངས་གླུ་ལེན་པ།

      དམངས་གླུ་ནི་བོད་རང་གི་ཕ་མེས་ཡང་མེས་རིང་ནས་མཆེད་ཡོང་བའི་ངག་ཐོག་གི་སྒྱུ་ རྩལ་བང་མཛོད་ནང་གི་ཆེས་གདོད་མ་དང་ཆེས་རིན་བྲལ་གྱི་སྒྱུ་རྩལ་རྣམ་པ་ཞིག་ཡིན་ ལ། ང་ཚོ་བོད་ཕྱི་རབས་པ་རྣམས་ཀྱིས་ནང་དོན་ཕུན་སུམ་ཚོགས་ཤིང་དབྱངས་རྟ་གསོན་ཉམས་ ལྡན་པའི་ངག་ཐོག་གི་སྒྱུ་རྩལ་རིག་གནས་འདི་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ། མ་འོངས་རྒྱུན་འཛིན་བཅས་ཀྱི་འགན་འཁྲི་རླབས་པོ་ཆེ་ཁུར་དུ་ལེན་དགོས་པས། ཟླ3པའི་ཚེས22ཉིན་གྱི་ཕྱི་དྲོར་སློབ་གྲྭའི་ལུས་རྩལ་ཐང་དུ“འཆམ་མཐུན་གྱི་ལག་ ཟུང་དམ་བུ་སྦྲེལ་ནས། སློབ་རའི་རིག་གནས་སྒྱུ་རྩལ་གོང་དུ་སྤེལ”བའི་ཁ་གཡང་ཁྲོད་དུ། ཆེས་དྭངས་གཙང་གི་ཕ་ཡུལ་ནས་ཆེས་དྭངས་གཙང་གི་གླུ་ངག་དབྱངས་སུ་འགུག་པ་དང་། ཆེས་ལྷིང་འཇགས་ཀྱི་སློབ་གླིང་འདི་ནས་ཆེས་སྙན་འཇེབས་ཀྱི་འགྱུར་ཁུགས་ཉམས་སུ་ མྱོང་བའི་བྱ་འགུལ་ཐེངས་འདི་སྤེལ་བ་རེད།

མང་རྫོང་མི་རིགས་སློབ་འབྲིང་གིས་སྐབས་དང་པོའི་སློབ་རའི་དམངས་གླུ་འགྲན་བསྡུར་སྤེལ་བ།
བྱ་འགུལ་ཡུལ་དངོས་ཀྱི་རྣམ་པ།

      སྤྱིར་ང་ཚོ་བོད་ལ་ཐུན་མོང་མ་ཡིན་པའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཞིག་ཡོད་ནའང་། འགྲོས་མྱུར་བའི་སྤྱི་ཚོགས་ཀྱི་འཕེལ་རྒྱུས་དང་་རིག་གནས་ཀྱི་འདྲེས་ལྷད་ཁྲོད་ཡོད་ཚད་ལ་འགྱུར་ལྡོག་དང་ངན་ཤུགས། ཉམས་དམས་སྣ་ཚོགས་ཐེབས་བཞིན་ཡོད་པས། སློབ་གསོ་སློབ་ཁྲིད་གཉེར་བའི་སློབ་གྲྭ་ཞིག་གི་ངོས་ཐད་ནས་བཤད་ན། བོད་རང་གི་དམངས་ཁྲོད་རིག་གནས་སྒྱུ་རྩལ་ལ་དགའ་ཞེན་དང་སྲུང་སྐྱོབ་ཀྱི་འོས་འགན་ཆེན་པོ་ཡོད་པ་དང་། ད་དུང་མུ་མཐུད་དུ་འདི་དང་འདི་ལྟ་བུའི་བྱ་འགུལ་སྣ་ཚོགས་སྤེལ་བའི་དགོས་པ་དང་དགེ་མཚན་ཧ་ཅང་ཆེན་པོ་ཡོད་པས། ཐེངས་འདིའི་རྩ་འཛུགས་པའི་ཕྱོགས་ནས་ཀྱང་འགྲན་ཞུགས་སློབ་ཕྲུག་ཚོའི་གླུ་ཚིག་ གི་ནང་དོན་དང་བསམ་བློ། སྐད་ངག་གི་དབྱངས་རྟ་དང་འགྱུར་ཁུགས། གདོང་གི་འཛུམ་མདངས་དང་ལུས་ཀྱི་ཉམས་འགྱུར་ལ་སོགས་པར་ཚད་མཐོན་པོའི་སྒོ་ནས་དཔྱད་བསྡུར་གདེང་འཇོག་བྱས་པར་མ་ཟད། རེ་བ་དང་བསམ་འཆར་ལྷུག་པོར་བཤད་དེ་གདམ་ཐོན་བྱུང་བའི་སློབ་རའི་གླུ་བ་འདི་དག་གི་མ་འོངས་པའི་གླུ་ལེན་སྒྱུ་རྩལ་གྱི་ལམ་བུར་སྔར་ལས་ལྷག་པའི་གྲུབ་འབྲས་འགང་ཆེན་ཞིག་ལེན་པའི་སྨོན་འདུན་ཞུས་པ་རེད།

མང་རྫོང་མི་རིགས་སློབ་འབྲིང་གིས་སྐབས་དང་པོའི་སློབ་རའི་དམངས་གླུ་འགྲན་བསྡུར་སྤེལ་བ།
སྐོར་བྲོ་འཁྲབ་བཞིན་པ།

མང་རྫོང་མི་རིགས་སློབ་འབྲིང་གིས་སློབ་རའི་དམངས་གླུ་འགྲན་བསྡུར་སྐབས་དང་པོར་བཤད་འདོད་པ་དེ་དག
      དེ་རིང་ཡིན་ན།  མང་རྫོང་མི་རིགས་སློབ་འབྲིང་གི་སློབ་རའི་རིག་གནས་སྒྱུ་རྩལ་གྱི་ལོ་རྒྱུས་སྟེང་གི་ཤོག་ངོས་གསར་བ་ཞིག་རེད། རྒྱུ་མཚན་ཡིན་ན། དེ་རིང་ནི་མང་རྫོང་མི་རིགས་སློབ་འབྲིང་གི་སློབ་མའི་དམངས་གླུ་འགྲན་ཐེངས་དང་པོ་རེད། དང་པོ་ཡིན་པའི་ཆ་ནས་ཉི་ཤར་གྱི་རྩེད་མོ་དང་རྟེན་འབྲེལ་གྱི་འགོ་མ་ལྟ་བུ་འདི་ ལ། རིན་ཐང་དང་གླེང་རིན་ཆེན་པོ་ཡོད་པར་འདོད།

མང་རྫོང་མི་རིགས་སློབ་འབྲིང་གིས་སྐབས་དང་པོའི་སློབ་རའི་དམངས་གླུ་འགྲན་བསྡུར་སྤེལ་བ།
བྱ་དགའ་ཐོབ་པའི་སློབ་མ་དག

      སྤྱིར་བོད་ཀྱི་སྲོལ་རྒྱུན་དམངས་གླུ་ལྟ་བུར་མཚོན་ན། འདི་ལོ་རྒྱུས་རིང་བ་ཁོ་ན་ཙམ་ཞིག་མ་ཡིན་པར། འུ་ཅག་གི་ཕ་མེས་ཡང་མེས་དག་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་རྨད་བྱུང་གི་ སྒྱུ་རཙལ་ཞིག་ཡིན་པའི་ཆ་ནས་ཀྱང་། འུ་ཅག་དགེ་སློབ་དག་ལ་འདི་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གྱི་འོས་འགན་ཡོད་ པ་རེད།
      དེ་མ་ཟད། འུ་ཅག་སློབ་མ་དག་ལ་མཚོན་ན། བསླབ་དེབ་སྟེང་གི་ཤེས་བྱ་ཁོ་ན་སྦྱངས་པའི་ཞོར་ནས། འཚོ་བའི་ཁྲོད་ཀྱི་ཤེས་བྱ་སྣ་མང་སྦྱོངས་པའི་འོས་འགན་ཡང་ཡོད་པ་རེད། དེ་ཡིན་ན། དམངས་གླུ་དང་གླུ་ཤགས། རྩེད་རིག་ལ་སོགས་པའི་དམངས་ཁྲོད་གླུ་གར་རིག་གནས་སྒྱུ་རྩལ་འདི་དག་སློབ་རའི་རིག་གནས་བྱེད་སྒོའི་ཁྲོད་ཁྱེར་ཡོང་ནས། རིག་གནས་དང་སྒྱུ་རྩལ་ཟུང་འདྲེས་ཀྱིས་དར་སྤེལ་མ་བཏང་ན། དེང་སྐབས་ཀྱི་ཕྱི་འོང་རིག་གནས་དང་གསར་དར་སྒྱུ་རྩལ་སྣ་ཚོགས་ཀྱི་ཤུགས་རྐྱེན་ ངན་པའི་འོག་ནས། བོད་རང་གི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་འདི་དག་ཉམས་དམས་སུ་འགྲོ་བའི་ཉེན་ཁ་ཆེ་བར་འདུག

མང་རྫོང་མི་རིགས་སློབ་འབྲིང་གིས་སྐབས་དང་པོའི་སློབ་རའི་དམངས་གླུ་འགྲན་བསྡུར་སྤེལ་བ།
དགེ་སློབ་རྣམས་ཀྱི་ལྷན་པར།

      དེ་བས། ངས་ནམ་ཡང་རང་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་མུ་མཐུད་དུ་དམངས་ཁྲོད་རིག་གནས་སྒྱུ་རྩལ་ལ་དགའ་ཞེན་དང་དུངས་ཞེན། དམངས་ཁྲོད་རིག་གནས་སྒྱུ་རྩལ་སྔོག་འདོན་དང་ལག་ལེན། དམངས་ཁྲོད་རིག་གནས་སྒྱུ་རྩལ་རྒྱུད་འཛིན་དང་དར་སྤེལ་ལ་ཤུགས་སྣོན་དང་རྒྱུན་ འཁྱོངས་བྱེད་པའི་རེ་བ་སྙིང་ནས་ཆེའོ། །

  • ལེ་ཚན་སྔོན་མ།:ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་བོད་རྩོམ་འགྲན་སྡུར་སྐབས་དང་པོ་སྤེལ་བའི་བརྡ་ཐོ།
  • ལེ་ཚན་རྗེས་མ།:བོད་ཀྱི་གསོ་རིག་ཐང་གའི་བརྩམས་ཆོས་འགྲེམ་སྟོན་པེ་ཅིང་དུ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།