མཚོ་སྔོན་བོད་སྐད་རླུང་འཕྲིན། 2014-03-20
ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝུའུ་ཀན་ཏའི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ཐེ་ས་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝུའུ་ཀན་ཏའི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ཐེ་ས་ལ་མཇལ་འཕྲད་གནང་། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧྥེ་གླིང་གང་ཡིན་རུང་ཚང་མ་འཕེལ་རྒྱས་སུ་འགྲོ་བའི་གནས་སྐབས་སུ་སླེབ་ཡོད། མི་རིགས་རང་བཙན་བརྩོན་ལེན་བྱེད་པ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་གང་ཡིན་རུང་ཀྲུང་གོ་རྒྱལ་ཁབ་ནི་ནམ་ཡང་ཝུའུ་ཀན་ཏ་དང་བཅས་པའི་ཧྥེ་གླིང་གི་རྒྱལ་ཁབ་ཁག་དང་ལས་དབང་གཅིག་པ་ཡིན། ཀྲུང་གོས་མུ་མཐུད་དུ་ཧྥེ་གླིང་གི་ཞི་བདེ་འཕེལ་རྒྱས་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་དང་ཀྲུང་གོ་དང་ཧྥེ་གླིང་བར་གྱི་སྲོལ་རྒྱུན་མཛའ་བརྩེ་སྲ་བརྟན་དུ་བཏང་ནས། ཕན་ཚུན་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་སྐུལ་འདེད་གཏོང་འདོད་ཡོད་པར་མ་ཟད། བདག་གིས་ད་ལོར་ཧྥེ་གླིང་ལ་འཚམས་འདྲི་བྱས་ནས་ཀྲུང་གོ་དང་ཧྥེ་གླིང་བར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བའི་སྟེང་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་རེ་སྒུག་བྱེད་བཞིན་ཡོད་ཟེར།
ལིས་ཁི་ཆང་གིས་བསྟན་དོན། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་མཁན་དང་ཐུན་མོང་གི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་མཁན་ཡིན་པའི་ཆ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་གྱི་འགན་འཁྲི་ཆེན་པོ་ཁུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་པ་དང་འཕེལ་རྒྱས་ཀྱི་དོན་ཆེན་ལ་དམིགས་ཏེ། ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་གྲོས་རིམ་ཧུར་ཐག་གིས་གཏན་འབེབ་བྱས་ནས་ཧྥེ་གླིང་རྒྱལ་ཁབ་ཀྱི་ཁེ་ཕན་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་དོན་བཟང་དང་དོན་དངོས་མང་པོ་སྒྲུབ་འདོད་ཡོད་ཟེར།
ཁུའུ་ཐེ་ས་ཡིས་བསྟན་དོན། ཀྲུང་གོ་རྒྱལ་ཁབ་ཀྱིས་དུས་ཡུན་རིང་བོར་རྒྱ་ཆེའི་ཧྥེ་གླིང་རྒྱལ་ཁབ་ཀྱི་མི་རིགས་རང་བཙན་དང་རྒྱལ་ཁབ་འཕེལ་རྒྱས་ཕྱོགས་ལ་རིན་ཐང་བྲལ་བའི་རྒྱབ་སྐྱོར་དང་སྒེར་སེམས་མེད་པའི་རོགས་རམ་བྱས་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ཧྥེ་གླིང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱས་པས། ཧྥེ་གླིང་རྒྱལ་ཁབ་ཀྱི་ཆེས་བློ་གཏད་ཆོག་པའི་གྲོགས་པོ་ཡིན་ལ། ཧྥེ་གླིང་ཕྱོགས་ཀྱིས་ཙུང་ལི་ལིས་ཁི་ཆང་གིས་སྔ་མོ་ནས་ཧྥེ་གླིང་རྒྱལ་ཁབ་ལ་འཚམས་འདྲི་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་པ་དང་སྐབས་དེའི་འཚམས་འདྲི་བརྒྱུད་ནས་ཧྥེ་གླིང་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10