རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་དུ་མཇུག་བསྒྲིལ།

        2014-03-17

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ3པའི་ཚེས13ཉིན་འབྱོར་བའི་གཏམ་གསར།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པས་གྲོས་རིམ་ཁག་བདེ་བླག་ངང་གྲུབ་རྗེས་གོང་ཚེས་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོར་མཇུག་བསྒྲིལ་བ་རེད།
    ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།ལག་བསྟར་ཀྲུའུ་ཞི་ཀྲང་ཏེ་ཅང་གིས་ཚོགས་ཆེན་གྱི་གཙོ་འགན་བཞེས་པ་དང་།ཞི་ཅིན་ཕིང་དང་།ལི་ཁེ་ཆང་།ཡུས་ཀྲེང་ཧྲེང་།ལིའུ་ཡུན་ཧྲན།ཝང་ཆི་ཧྲན།ཀྲང་ཀའོ་ལི་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པའི་གྲུབ་མི་རྣམས་ཀྲུའུ་ཞིའི་སྟེགས་བུའི་ཐོག་བཞུགས་ཡོད།ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།ལག་བསྟར་ཀྲུའུ་ཞི་ལི་ཅན་གོཝང་ཧྲེང་ཅུན།ཁྲེན་ཁྲང་ཀྲེ།ཡན་ཅུན་ཆི།ཝང་ཁྲེན།ཧྲེན་ཡུའེ་ཡུའེ།ཅེ་པིང་ཞན།ཀྲང་ཕིང་།བྱམས་པ་ཕུན་ཚོགས།ཨའེ་ལི་ཀེང་དབྱི་མིང་པ་ཧའེ།ཝང་ཨོ་ཤང་།ཀྲང་པའོ་ཝུན།ཁྲེན་ཀྲུའུ་བཅས་ཀྲུའུ་ཞིའི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བཞུགས།
    སྔ་དྲོའི་ཆུ་ཚོད9པའི་ཐོག་ཅང་ཏེ་ཅང་གིས་ཚོགས་ཆེན་ཚོགས་པའི་ཁྱབ་བསྒྲགས་གནང་བ་རེད།
    གྲོས་ཚོགས་ཐོག་སྲིད་གཞུང་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམས་བྱུང་བ་རེད།གྲོས་ཆོད་ཀྱི་ནང་དུ་བསྟན་དོན།གྲོས་ཚོགས་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་པའི་ལོ་གཅིག་གི་ལས་ཀར་གདེང་འཇོག་གང་ལེགས་བྱས་ཤིང་།སྙན་སེང་ནང་དུ་བཏོན་པའི2014ལོའི་ལས་ཀ་སྤྱིའི་བཀོད་སྒྲིག་དང་།དམིགས་ཡུལ་ལས་འགན།གཙོ་གནད་ལས་ཀ་བཅས་ལ་མོས་མཐུན་བྱས་ཤིང་སྙན་སེང་འདི་ལ་ཆོག་མཆན་སྤྲད་རྒྱུའི་ཐག་བཅད་བྱས་པ་རེད།
    གྲོས་ཚོགས་ཐོག2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱེད་ཚུལ་དང2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་སྐོར་གྱི་གྲོས་ཆོད་ལ་བརྡ་ཐག་བཅད་ནས་གྲོས་འཆམས་བྱུང་བ་དང་།2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱེད་ཚུལ་དང2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་སྐོར་གྱི་འཆར་ཟིན་གྱི་སྙན་སེང་ལ་ཆོག་མཆན་སྤྲད་རྒྱུའི་ཐག་བཅད་བྱས་ཤིང་།2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལ་ཆོག་མཆན་སྤྲད་པ་རེད།2013ལོའི་ཀྲུང་དབྱང་དང་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་བྱེད་ཚུལ་དང2014ལོའི་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་སྔོན་རྩིས་བྱེད་པའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམས་བྱུང་བ་དང་།2013ལོའི་ཀྲུང་དབྱང་དང་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་བྱེད་ཚུལ་དང2014ལོའི་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་སྔོན་རྩིས་བྱེད་པའི་འཆར་ཟིན་སྐོར་གྱི་སྙན་སེང་ལ་ཆོག་མཆན་སྤྲད་རྒྱུ་ཐག་བཅད་ཅིང་2014ལོའི་ཀྲུང་དབྱང་སྔོན་རྩིས་ལ་ཆོག་མཆན་སྤྲད་པ་རེད།
    གྲོས་ཚོགས་ཐོག་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་སེང་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམས་བྱུང་ཞིང་།གྲོས་ཚོགས་ཐོག་བསྟན་དོན།གྲོས་ཚོགས་ཐོག་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་འདས་པའི་ལོ་གཅིག་གི་ལས་ཀར་གདེང་འཇོག་གང་ལེགས་བྱས་ཤིང་།སྙན་སེང་ནང་བཏོན་པའི་འབྱུང་འགྱུར་ལོ་གཅིག་གི་ལས་འགན་གཙོ་བོར་མོས་མཐུན་བྱས་པ་དང་སྙན་སེང་འདི་ལ་ཆོག་མཆན་སྤྲད་རྒྱུའི་ཐག་བཅད་པ་རེད།གྲོས་ཚོགས་ཐོག་བརྡས་ཐག་བཅད་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་སེང་སྐོར་གྱི་གྲོས་ཆོད་དང་།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་སེང་གི་གྲོས་ཆོད་ལ་གྲོས་འཆམས་བྱུང་བ་དང་།སྙན་སེང་འདི་གཉིས་ཀར་ཆོག་མཆན་སྤྲད་རྒྱུའི་ཐག་བཅད་པ་རེད།
    གྲོས་ཚོགས་ཐོག་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཝང་ཞའོ་དང་ཁྲེན་སི་ཞི་གཉིས་ཀྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་གྱི་གོ་གནས་རྩ་དགོངས་ཞུ་རྒྱུའི་རེ་འདུན་ལ་ཁས་ལེན་བྱ་རྒྱུར་གཏན་འཁེལ་བྱེད་པའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམས་བྱུང་བ་རེད།
    ཚོགས་ཆེན་གྱི་གྲོས་རིམ་ཁག་གྲུབ་རྗེས།ཀྲང་ཏེ་ཅང་གིས་གསུང་བཤད་གནང་བ་རེད།ཁོང་གིས་གསུངས་རྒྱུར།སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པས་དམངས་གཙོ་དར་སྤེལ་གཏོང་ཞིང་།བཅའ་ཁྲིམས་ལྟར་ལས་དོན་ནན་སྒྲུབ་བྱས་ནས་ཐུན་མོང་གི་ངོས་འཛིན་གོང་བུར་གཅིག་ཏུ་འགྲིལ་བ་དང་།ལས་འགན་གསལ་པོར་བཟོ་བ།ཡིད་ཆེས་བརྟན་པོར་བྱས་པས་སྔར་ལྷག་གིས་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དེ་བས་སྙིང་སྟོབས་ཆེར་སྐྱེད་ཀྱིས་འཇོན་ནུས་བཏོན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་རླབས་ཆེན་བྱ་གཞག་ཁྲོད་དུ་ཞུགས་པར་སྐུལ་མ་དང་སྐུལ་སློང་བྱ་ཐུབ་ངེས་རེད།
    ཀྲང་ཏེ་ཅང་གིས་བསྟན་དོན།ཚོགས་འདུའི་འཚོག་རིང་འཐུས་མི་རྣམས་ཀྱིས་རྒྱལ་ཡོངས་མི་རིགས་སོ་སོའི་གལ་ཆེའི་མངག་བཅོལ་སེམས་ལ་བཟུང་ནས་་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་འཁྲི་ནན་ཏན་བསྒྲུབས་ཏེ་ཇུས་ཆེན་ལ་དམིགས་པ་དང་།ཕན་འབྲས་དངོས་ལ་བརྩོན་ལེན།ཅི་དྲན་ལྷུག་གླེང་།བློ་བསྡུས་དགེ་འཚོལ་བཅས་བྱས་ཏེ་གྲོས་ཚོགས་ཐོག་ཆོག་མཆན་བཀོད་པའི་སྙན་སྒྲོན་དང་གྲོས་འཆམ་བྱུང་བའི་གྲོས་ཆོད་ནང་ཏང་གི་བཞེད་དོན་དང་མི་དམངས་ཀྱི་འདོད་བློ་གཅིག་འགྱུར་བྱུང་བའི་རྣམ་པ་གང་ལེགས་མཚོན་པ་རེད།
    ཀྲང་ཏེ་ཅང་གིས་བསྟན་དོན།བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏང་རྒྱུ་ནི་དུས་རབས་ཀྱིས་ང་ཚོར་སྤྲོད་པའི་གཟི་བརྗིད་ལྡན་པའི་ལས་འགན་ཡིན་ལ།ང་ཚོས་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་སྙིང་དོན་ལག་ལེན་དོན་འཁྱོལ་བྱེད་དགོས་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེ་བའི་གསུང་བཤད་རབ་དང་རིམ་པའི་སྙིང་དོན་ལ་སློབ་སྦྱོང་དང་ལག་ལེན་མཐའ་ཕྱིན་བྱས་ནས་ཡར་རྒྱས་བརྩོན་ལེན་གྱི་འདུ་ཤེས་དང་།གོ་སྐབས་ཀྱི་འདུ་ཤེས།འགན་འཁྲིའི་འདུ་ཤེས་བཅས་བློར་བརྟན་པོར་འཛིན་ནས་མི་དམངས་ལ་དམ་པོར་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ་བཅོས་བསྒྱུར་གྱི་ཡིད་ཆེས་བརྟན་པོ་བྱེད་དགོས་པ་རེད།བཅོས་བསྒྱུར་གྱི་ཁ་ཕྱོགས་ཁོང་དུ་ཆུད་པ།བཅོས་བསྒྱུར་གྱི་ཐུན་མོང་ངོས་འཛིན་གོང་བུ་གཅིག་ཏུ་འགྲིལ་བ།བཅོས་བསྒྱུར་དོན་འཁྱོལ་བྱེད་པར་དམ་འཛིན་བྱས་ཏེ་གོམ་པ་རེ་རེའི་སྒོ་ནས་བཅོས་བསྒྱུར་གྱི་འཆར་གཞི་མངོན་འགྱུར་བྱུང་དུ་བཅུག་ཅིང་།བཅོས་བསྒྱུར་སྒོ་ཕྱེའི་རླབས་ཆེ་བའི་བྱ་གཞག་གི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བཀོད་དགོས་པ་རེད།
    ཀྲང་ཏེ་ཅང་གིས་བསྟན་དོན།བཅའ་ཁྲིམས་ལྟར་རྒྱལ་ཁབ་བདག་སྐྱོང་བྱེད་པ་ནི་ཏང་གིས་མི་དམངས་ལ་དབུ་ཁྲིད་བྱས་ཏེ་རྒྱལ་ཁབ་བདག་སྐྱོང་བྱེད་པའི་གཞི་རྩའི་བྱེད་ཕྱོགས་དང་ཐབས་ཇུས་ཡིན།ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་དགོས་པ་དང་།རྒྱལ་ཁབ་ཀྱི་བདག་བཅོས་མ་ལག་དང་བདག་སྐྱོང་བྱེད་ནུས་དེང་རབས་ཅན་དུ་ཡོང་བར་སྐུལ་འདེད་གཏོང་དགོས།ཁྱོན་ཡོངས་ནས་བཅའ་ཁྲིམས་ལྟར་རྒྱལ་ཁབ་བདག་སྐྱོང་བྱ་རྒྱུའི་གཞི་རྩའི་བྱེད་ཕྱོགས་དང་ཐབས་ཇུས་དོན་འཁྱོལ་བྱེད་དགོས།བཅའ་ཁྲིམས་ལྟར་རྒྱལ་ཁབ་བདག་སྐྱོང་དང་།བཅའ་ཁྲིམས་ལྟར་སྲིད་འཛིན་བྱེད་པ།བཅའ་ཁྲིམས་ལྟར་སྲིད་འཛིན་བྱེད་པ་བཅས་ཐུན་མོང་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།ཁྲིམས་སྐྱོང་གི་རྒྱལ་ཁབ་དང་།ཁྲིམས་སྐྱོང་གི་སྲིད་གཞུང་།ཁྲིམས་སྐྱོང་གི་སྤྱི་ཚོགས་བཅས་གཅིག་གྱུར་གྱིས་སྐྲུན་རྒྱུ་རྒྱུན་འཁྱོངས་བྱེད་དགོས།མི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་དགོས་པ་དང་།སྤྱི་ཚོགས་དྲང་བདེན་དྲང་བཞག་ཡོང་བར་སྲུང་སྐྱོང་བྱས་ཏེ་ཁྲིམས་སྲོལ་གྱིས་རྒྱལ་ཁབ་དང་སྤྱི་ཚོགས་བདག་སྐྱོང་བྱེད་པའི་ཁྲོད་དུ་གལ་ཆེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
    ཀྲང་ཏེ་ཅང་གིས་གསུངས་རྒྱུར།རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཛུགས་སྐྲུན་ནང་འགན་འཁྲི་གལ་ཆེན་པོ་ཁུར་ཡོད་པས།ང་ཚོས་ཏང་གི་འགོ་ཁྲིད་དང་།མི་དམངས་རང་ཁྱིམ་རང་བདགབཅའ་ཁྲིམས་ལྟར་རྒྱལ་ཁབ་བདག་སྐྱོང་བྱ་རྒྱུ་ནུས་ལྡན་གྱིས་གཅིག་འགྱུར་བྱེད་རྒྱུ་སྲ་བརྟན་དང་རྒྱུན་འཁྱོངས་བྱེད་དགོས།ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ་བཅའ་ཁྲིམས་ལྟར་འགན་དབང་སྒྲུབ་དགོས་པ་དང་ལས་ཀ་ཧུར་ཐག་སྤེལ་ནས་རྒྱུན་ཆད་མེད་པར་བཅའ་ཁྲིམས་ལྟར་རྒྱལ་ཁབ་བདག་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་དང་།རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་གལ་ཆེན་པོར་རྩིས་དགོས།མི་དམངས་ཀྱི་རེ་འབོད་ལ་ཉན་འཇོག་དང་།མི་དམངས་ཀྱི་རེ་སྒུག་ལ་ལེན་པོ་བརྒྱབ་ནས་རྒྱལ་ཁབ་ཀྱི་དབང་ཆ་ལས་ཁུངས་ཆེས་ཆེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྲོལ་འཛུགས་སྐྲུན་སྐུལ་འདེད་གཏོང་བར་ནུས་ལྡན་གྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།
    ཀྲང་ཏེ་ཅང་གི་རྟིང་མར་གསུངས་རྒྱུར།བཅོས་བསྒྱུར་སྒོ་ཕྱེའི་རླབས་ཆེན་གྱི་འཕེལ་རིམ་གསར་པས་ང་ཚོར་འབོད་སྐུལ་བྱེད་བཞིན་པ་དང་།མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུར་བསམ་ཕྱོགས་བྱེད་པ་དེས་ང་ཚོར་སྐུལ་ལྕག་བྱེད་ཡོད་པ་རེད།ང་ཚོ་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་།མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུའི་འདུ་ཤེས་བཅས་ཀྱིས་ཁྲིད་སྟོན་བྱས་ཏེ་མི་བརྒྱ་སེམས་གཅིག་དང་།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན།ཏན་ཏན་ཏིག་ཏིག་གིས་ལས་ཀ་སྒྲུབ་པ།དཀའ་གནད་སྒྲོལ་བ་བཅས་བྱས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་།རྒྱུན་ཆད་མེད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་དང་།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་བརྩོན་ལྷུར་ལེན་བྱེད་དགོས།
    སྔར་དྲོའི་ཆུ་ཚོད9དང་སྐར35ཐོག་ཀྲང་ཏེ་ཅང་གིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་མཇུག་སྒྲིལ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་དང་ཆབས་ཅིགརྔམ་བརྗིད་ལྡན་པའི་རྒྱལ་གླུའི་རོལ་དབྱངས་ཁྲོད་དུ་མཇུག་སྒྲིལ་བ་རེད།
    ཀྲུང་དབྱང་ཏང་སྲིད་དམག་མང་ཚོགས་བཅས་ལས་ཁུངས་ཀྱི་འགན་ཁུར་པ་དང་།དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་།རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཤོག་གང་ལའང་མི་གཏོགས་པའི་འཐུས་མི་རྣམས་གྲོས་ཚོགས་ལ་ཟུར་ཞུགས་བྱས་ཡོད།
    རྒྱལ་ཁབ་ཁག་གི་ཀྲུང་གོར་བཅར་སྡོད་བྱེད་མཁན་གཞུང་ཚབ་ཆེན་མོས་མཇུག་སྒྲིལ་གྲོས་ཚོགས་ལ་ཟུར་ཉོན་བྱས་ཡོད་པ་རེད།
  • ལེ་ཚན་སྔོན་མ།:ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་མེ་འཁོར་ད་ལོའི་ཟླ་དགུ་བར་ཤར་གཏོང་ཐུབ་རྒྱུ་རེད།
  • ལེ་ཚན་རྗེས་མ།:ལི་ཁེ་ཆིང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་གནང་བ།
  • དོ་སྣང་ཆེ་བའི་རྩོམ།