རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་དུ་མཇུག་བསྒྲིལ།

        2014-03-13

རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་དུ་མཇུག་བསྒྲིལ།

 ཞི་ཅིན་ཕིང་དང་།ལི་ཁེ་ཆང་།ཀྲང་ཏེ་ཅང་།ལིའུ་ཡུན་ཧྲན།ཝང་ཆི་ཧྲན།ཀྲང་ཀའོ་ལི་གྲོས་ཚོགས་སུ་ཕེབས།ཡུས་ཀྲེང་ཧྲེང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས།
    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ3པའི་ཚེས12ཉིན་འབྱོར་བའི་གཏམ་གསར།ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པས་གྲོས་རིམ་ཁག་བདེ་བླག་ངང་གྲུབ་རྗེས།ཚེས12ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོར་མཇུག་བསྒྲིལ་བ་རེད།གྲོས་ཚོགས་ཐོག་མི་དམངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་སྲིད་གྲོས་ལ་ཞུགས་མཁན་སྡེ་ཚན་ཁག་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་མཛད་པའི་ཀྲུང་གུང་གུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དེ་བས་དམ་པོར་བྱས་ནས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་།མར་ཁེ་སི་ལེ་ཉིན་རིང་ལུགས་དང་།མའོ་ཙེ་ཏུང་གི་དགོངས་པ།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུའི་འདུ་ཤེས་བཅས་ཀྱིས་ཁྲིད་སྟོན་བྱས་ནས་།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་བློ་གཅིག་སེམས་གཅིག་དང་།ལས་ཀ་ནན་ཏིག་བསྒྲུབས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་འབད་འཐབ་བྱེད་དགོས་ཞེས་འབོད་སྐུལ་གནང་བ་རེད།
    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་མཇུག་བསྒྲིལ་ཚོགས་འདུའི་གཙོ་འགན་བཞེས་ཤིང་།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན།ལིང་ཅི་ཧྭ།ཧན་ཆི་ཏེ།འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།ཏུང་ཅན་ཧྭ།ཝན་ཀང་།ལིན་ཝུན་དབྱི།ལུའོ་ཕུའུ་ཧོ།ཧོ་ཧོའུ་ཧྭ།ཀྲང་ཆིང་ལི།ལི་ཧའེ་ཧྥེང་།སུའུ་རུང་།ཁྲེན་ཡོན།ལུའུ་ཀྲན་ཀུང་།ཀྲོའུ་ཞའོ་ཁྲོན།ཝང་ཅ་རུའེ།ཝང་ཀྲེང་ཝུའེ།མ་པེའོ།ཆི་ཞུས་ཁྲུན།ཁྲེན་ཞའོ་ཀོང་།མ་ཕེ་ཧྭ།ལིའུ་ཞའོ་ཧྥེང་།ཝང་ཆིན་མིན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།
    ཞི་ཅིན་ཕིང་དང་།ལི་ཁེ་ཆང་།ཀྲང་ཏེ་ཅང་།ལིའུ་ཡུན་ཧྲན།ཝང་ཆི་ཧྲན།ཀྲང་ཀའོ་ལི་བཅས་ཀྲུའུ་ཞིའི་སྟེགས་བུའི་ཐོག་བཞུགས་ཡོད།
གྲོས་ཚོགས་ཐོག་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་སེང་སྐོར་གྱི་གྲོས་ཆོད་དང་།སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞིར་གྲོས་ཞིབ་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་སེང་།སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམས་བྱུང་བ་རེད།
    ཡུས་ཀྲེང་ཧྲེང་གིས་གསུང་བཤད་གནང་དུས་གསུང་རྒྱུར།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་འདིའི་གྲོས་ཚོགས་འཚོག་པར་མཐོང་ཆེན་བླ་ན་མེད་པ་གནང་ཞིང་།འབྲེལ་ཡོད་སྡེ་ཚན་ཁག་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོས་རྒྱབ་སྐྱོར་ཆེན་པོ་བྱས་པ་རེད།གྲོས་ཚོགས་འཚོག་པའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱབ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོས་ཚོགས་ཆེན་གྱི་འགོ་ཚུགས་པ་དང་མཇུག་བསྒྲིལ་བའི་ཚོགས་འདུར་ཞུགས་ཤིང་།ཚོ་ཆུང་སོ་སོར་ཕེབས་ནས་སྲིད་གྲོས་ཨུ་ཡོན་རྣམས་དང་མཉམ་དུ་བཅོས་བསྒྱུར་དང་འཕེལ་རྒྱས་གཏང་རྒྱུའི་ཇུས་ཆེན་ལ་གྲོས་མོལ་གནང་ཡོད།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་མི་སྣ་ཚོས་ཀྱང་གདན་འདྲེན་ཞུས་པ་ལྟར་ཚོགས་ཆེན་ལ་ཟུར་ཞུགས་བྱས་པ་དང་།ཨུ་ཡོན་ཚོས་ཚོ་ཆུང་བགོས་ནས་གྲོས་བསྡུར་བྱེད་སར་ཞུགས་ནས་ནན་ཏན་གྱིས་བསམ་འཆར་དང་གྲོས་གཞི་ལ་ཉན་འཇོག་བྱས་པ་རེད།རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་ཀར་དམ་པོ་དམིགས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་འགན་འཁྲི་སྒྲུབ་པ་དང་།རང་རྟོགས་ཀྱིས་གྲོས་ཚོགས་ཀྱི་དར་སྲོལ་བཟང་པོ་དར་སྤེལ་བཏང་ཡོད།གྲོས་གཞི་སྤྲོད་པ་དང་ཚོགས་ཆེན་ཐོག་གཏམ་བཤད་བྱེད་པ།ཚོ་ཆུང་གིས་གྲོས་བསྡུར་བྱེད་པ།སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློའི་ཆ་འཕྲིན་སོགས་ཀྱི་རྣམ་པ་བརྒྱུད་ནས་ཧུར་ཐག་གིས་བསམ་འཆར་འདོན་པ་དང་བསམ་བློ་བརྗེ་རེས་བྱས་ནས་ཐུན་མོང་གི་ངོས་འཛིན་ཆགས་པ་བྱས་ཡོད།ཚོགས་ཆེན་འདི་ཕུན་སུམ་ཚོགས་པ་དང་རྒྱལ་ཁའི་ངང་ནས་འཚོགས་ཏེ་མི་དམངས་སྲིད་གྲོས་ཉིད་དམངས་གཙོ་གྲོས་མོལ་ཡིན་པའི་གལ་ཆེའི་ཐབས་ལམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་པར་བརྟེན།སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་གསོན་ཉམས་ལྡན་པའི་ངང་མཚོན་ཡོད་པ་རེད།
    ཡུས་ཀྲེང་ཧྲེང་གིས་བསྟན་དོན།བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུར་སྐྱོད་འགོ་བཙུགས་ཡོད།དུས་རབས་གསར་པའི་ཆ་རྐྱེན་འོག་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་ང་ཚོས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་བྱེད་དགོས།རང་རྟོགས་ཀྱིས་བསམ་བློ་དང་བྱ་སྤྱོད་གཉིས་དེ་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་འཆར་འགོད་དང་།བློ་མཐུན་ཞི་ཅིན་ཕིང་གི་གལ་ཆེ་བའི་གསུང་བཤད་རབ་དང་རིམ་པའི་སྙིང་དོན་ཐོག་གཅིག་འགྱུར་ཡོང་བ་བྱས་ཏེ་རྒྱུན་ཆད་མེད་པར་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་གཏོང་དགོས།ལྷག་པར་དུ་བློ་བསྡུས་དགེ་འཚོལ་དང་མི་མང་གི་བློ་གྲོས་གཅིག་སྡུད་བྱས་ཏེ་དཀའ་གནད་རེ་རེ་བཞིན་སེལ་བ་དང་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་ནས་གོམ་སྟབས་བརྟན་པོས་མདུན་དུ་སྐྱོད་དགོས།ལྷག་པར་དུ་ཐུན་མོང་གི་ངོས་འཛིན་གོང་བུར་འགྲིལ་བ་དང་།ཁེ་ཕན་གྱི་འབྲེལ་བ་མཐུན་སྦྱོར་བྱེད།སྤྱི་ཚོགས་ཀྱི་འགལ་ཟླ་ལྷོད་དུ་གཏོང།སྟབས་ལྡན་དྲང་བཞག་གི་ནུས་པ་གོང་བུར་གཅིག་སྒྲིམ་བྱེད་དགོས།བཅོས་བསྒྱུར་གྱི་ངོ་བོ་ནི་གསར་སྐྲུན་རེད།མི་དམངས་སྲིད་གྲོས་ཀྱིས་དུས་བསྟུན་མདུན་སྐྱོད་དང་།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འཚོལ་ཞིབ་བྱ་རྒྱུར་བརྩོན་འགྲུས་བྱས་ནས་ལག་ལེན་བྱེད་ཕོད་པའི་བཅོས་བསྒྱུར་གསར་སྐྲུན་གྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ་དམངས་གཙོ་གྲོས་མོལ་ལ་འཕེལ་རྒྱས་དང་།འགན་འཁྲི་སྒྲུབ་པའི་འཇོན་ནུས་སྐྲུན་པར་ཤུགས་སྣོན་རྒྱག་དགོས།མཐུན་སྦྱོར་གྱི་འབྲེལ་བ་དང་སྟོབས་ཤུགས་གོང་བུར་གཅིག་འགྲིལ།ཐབས་འདོན་ཇུས་འདོན་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་བྱས་ཏེ་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་རྒྱུའི་སྤྱིའི་དམིགས་ཡུལ་མངོན་འགྱུར་ཡོང་བར་ཞབས་འདེགས་དེ་བས་ཡག་པོ་ཞུས་ཏེ་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་སྤེལ་དང་།དམངས་འཚོ་ལེགས་བཅོས་འགན་སྲུང་བྱེད་པར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུར་བྱས་རྗེས་གསར་པ་འཇོག་དགོས།
    ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་མི་སྣ་མཇུག་སྒྲིལ་བའི་གྲོས་ཚོགས་ལ་ཟུར་ཞུགས་བྱས་ཡོད།རྒྱལ་ཁབ་ཁག་གི་ཀྲུང་གོར་བཅའ་སྡོད་བྱེད་མཁན་གཞུང་ཚབ་ཆེན་མོས་གདན་འདྲེན་ཞུས་པ་ལྟར་མཇུག་སྒྲིལ་གྲོས་ཚོགས་ལ་ཟུར་ཉོན་བྱས་པ་རེད།
    ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་རོལ་དབྱངས་ཁྲོད་དུ་མཇུག་སྒྲིལ་བ་རེད།
  • ལེ་ཚན་སྔོན་མ།:《བོད་ཀྱི་ཆོས་ལུགས་ལོ་རྒྱུས་རིག་གནས་དཔེ་ཚོགས》(དེབ1ནས་དེབ8)པར་བསྐྲུན་འགྲེམ་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:ལོ་གསུམ་ནང་ཞིན་ཅང་གི་མི་རིགས་སོ་སོའི་ཞིང་འབྲོག་པ་ཁྲི360ལྷག་བདེ་སྡོད་དམགས་ཕྱུག་གི་སྡོད་ཁང་གསར་པར་སྤོས
  • དོ་སྣང་ཆེ་བའི་རྩོམ།