ལོ་གསུམ་ནང་ཞིན་ཅང་གི་མི་རིགས་སོ་སོའི་ཞིང་འབྲོག་པ་ཁྲི360ལྷག་བདེ་སྡོད་དམགས་ཕྱུག་གི་སྡོད་ཁང་གསར་པར་སྤོས།
གངས་སྐྱིད་ཀྱིས་བསྒྱུར། 2014-03-13
ཞིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མོ་ཆིན་ནས་འབྱོར་བའི་གཏམ་གསར།ཉེ་ཆར་ཞིན་ཅང་ཡུས་ཐན་དུ་བྱུང་བའི་རིམ་པ7.3ཅན་གྱི་ས་འགུལ་དྲག་པའི་ནང་མི་ཤི་བ་དང་རྨས་སྐྱོན་ཐེབས་མཁན་གཅིག་ཀྱང་མེད།དེའི་ནང་གི་རྒྱུ་རྐྱེན་གཙོ་བོ་ནི་ཞིང་འབྲོག་པ་ཕལ་ཆེར་འགུལ་འགོག་ནུས་པ་ལྡན་པའི་སྡོད་ཁང་གསར་པའི་ནང་སྤོས་པའི་དབང་གིས་རེད།ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་རྒྱུར།2011ལོ་ནས2013ལོའི་ལོ་མཇུག་བར།ཞིན་ཅང་གིས་བསྡོམས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར742.46བརྒྱབ་ནས་བདེ་སྡོད་དམངས་ཕྱུག་གི་སྡོད་ཁང་ཁྲི92.09བཀབ་ཏེ།ཐན་ཧྲན་རི་བོ་ལྷོ་རྒྱུད་དང་བྱང་རྒྱུད་ཀྱི་མི་རིགས་སོ་སོའི་ཞིང་འབྲོག་པའི་དུད་ཚང360ཚང་མ་འགུལ་འགོག་དྲོད་ལྡན་གྱི་སྡོད་ཁང་གསར་པའི་ནང་སྤོས་ཐུབ་ཡོད་པ་རེད།
2014ལོར།ཞིན་ཅང་གིས་ད་རུང་མུ་མཐུད་ནས་མ་དངུལ་སྒོར་དུང་ཕྱུར240བཏང་སྟེ་བདེ་སྡོད་དམངས་ཕྱུག་གི་ཨར་ལས་གསར་སྐྲུན་བྱ་རྒྱུ་རེད།རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་ལི་ཅན་ཞིན་གྱིས་བཤད་རྒྱུར།བདེ་སྡོད་དམངས་ཕྱུག་གི་ཨར་ལས་སྒྲུབ་པར་སྡོད་ཁང་གི་འགུལ་འགོག་རང་བཞིན་མཐོ་རུ་གཏོང་བའི་རྨང་གཞིའི་ཐོག་ད་རུང་ཆུ་དང་གློགསྲོལ་རླངས།དྲོད་ལེན།ཟ་ཁང་།གསང་སྤྱོད་ཁང་།ལུས་པོ་འཁྲུད་ས་བཅས་ཆ་ཚང་བའི་དེང་རབས་ཅན་གྱི་སྒྲིག་ཆས་ལོངས་སྤྱོད་སྟབས་བདེ་བྱེད་ཐུབ་དགོས་པའི་རེ་བ་བཏོན་ཡོད་ལ།སྡོད་ཁང་བཀབ་རིམ་ད་རུང་ཡུལ་འདི་གའི་ལོ་རྒྱུས་རིག་གནས་དང་ཟུང་འབྲེལ་བྱས་ཏེ་གྲོང་ཚོའི་སྔོན་མའི་རྣམ་པ་སོར་ཉར་བྱེད་པར་དོ་སྣང་བྱེད་དགོས་པའི་རེ་བ་ཡང་བཏོན་ཡོད་པ་རེད།