མངོན་གསལ་གྱི་རོགས་སྐྱོར་ལས་གྲྭ་ལག་བསྟར་བྱས་ཏེ་སྤྱི་ཚོགས་འགན་སྲུང་གི་རྨང་གཞི་བརྟན་པོ་བཏིང་དགོས།
མིག་དམར་གྱིས་བསྒྱུར། 2014-01-23
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ12པའི་ཚེས25ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐོག་མ་མཐའི་འཚོ་རྟེན་འགན་སྲུང་སྲིད་ཇུས་དོན་འཁྱོལ་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཚུལ་སྙན་སེང་ལ་ཉན་ཞིང་། སྔར་ལྷག་གིས་མ་མཐའི་འཚོ་རྟེན་འགན་སྲུང་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུ་བཀོད་སྒྲིག་བྱེད་པ། ཆ་འཕྲིན་ཁྱབ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མ་མཐའི་འཚོ་རྟེན་འགན་སྲུང་བྱ་རྒྱུའི་ཐད་འབྲེལ་བར་བརྟེན་ནས་འགན་སྲུང་བྱེད་པ་དང་། བརྩེ་བར་བརྟེན་ནས་འགན་སྲུང་བྱེད་པ། འགན་སྲུང་བྱེད་ནོར་བ། འགན་སྲུང་བྱེད་དགོས་སར་བྱེད་མེད་པ་བཅས་ལ་བློ་བརྟན་འགྱུར་མེད་ཀྱིས་ཡོ་བསྲང་བྱས་ནས་འགན་སྲུང་བྱ་རྒྱུར་མགོ་སྐོར་གཏོང་མཁན་ལ་ཉེས་ཆད་ནན་པོ་གཅོད་དགོས་ཞེས་བསྟན་པ་རེད།
མ་མཐའི་འཚོ་རྟེན་འགན་སྲུང་ནི་སྤྱི་ཚོགས་རོགས་སྐྱོར་མ་ལག་ཁྲོད་ཀྱི་སྲོག་ཤིང་གི་ལམ་ལུགས་གྲས་ཤིག་རེད། རང་རྒྱལ་གྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་རྟེན་འགན་སྲུང་དང་ཞིང་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་དེ་ཁག་བགོས་ཏེ1997ལོ་དང2007ལོར་རྒྱལ་ཡོངས་སུ་ཁྱོན་ཡོངས་ནས་བཙུགས་ཤིང་། 2007ལོའི་ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་གསེབ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི740ལྷག་གི་གཞི་རྩའི་འཚོ་བར་ཕན་འབྲས་ལྡན་པའི་འགན་སྲུང་ཐོབ་ནས་གཞི་རྩའི་ཐོག་ནས་འགན་སྲུང་བྱེད་དགོས་སར་འགན་སྲུང་བྱེད་པར་མངོན་འགྱུར་བྱུང་བ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་ལོར་རྒྱལ་ཡོངས་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་སྲིད་ཇུས་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ཤེས་རྒྱུར། ས་གནས་འགའ་ཤས་སུ་མ་དངུལ་དོན་ཐོག་ཏུ་མ་འཁྱོལ་བ་དང་དོ་དམ་བྱེད་ལུགས་ཚད་དང་མི་ལྡན་པ། ཆ་ཚང་སྒྲིག་པའི་སྲིད་ཇུས་འཐུས་ཚང་མིན་པ་སོགས་ཀྱི་གནད་དོན་ཡོད་པས། མ་མཐའི་འཚོ་རྟེན་འགན་སྲུང་སྲིད་ཇུས་ཀྱི་ཕན་འབྲས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་ཤུགས་རྐྱེན་ཐེབས་པ་རེད། ཉེ་བའི་ལོ་ཤས་རིང་། ས་གནས་འགའ་ཤས་སུ་མ་མཐའི་འཚོ་རྟེན་འགན་སྲུང་ལ་མགོ་སྐོར་འགན་སྲུང་དང་། འགན་སྲུང་བྱེད་དགོས་ས་བྱེད་མེད་པ། བརྩེ་བར་བརྟེན་ནས་འགན་སྲུང་བྱེད་པ། ཞོར་འདེབས་བྱས་ཏེ་འགན་སྲུང་བྱེད་པའི་མི་བཟང་བའི་རྣམ་པ་བཅས་ལ་སྨྱན་སྦྱོར་གྱིས་དམར་འདོན་བྱས་ཡོད་པ་རེད།
གོང་ཚེས་ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐོག་བཏོན་རྒྱུར། མ་མཐའི་འཚོ་རྟེན་འགན་སྲུང་སྙན་ཞུ་བྱེད་པའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ་ས་ཁུལ་བརྒལ་བ་དང་སྡེ་ཁག་བརྒལ་བའི་ཞིབ་བསྡུར་སྟེགས་བུ་བསྐྲུན་དགོས། ཞིང་སྡེ་དང་སྡེ་ཁུལ་དུ་མངོན་གསལ་ཁྱབ་བསྒྲགས་བྱ་རྒྱུ་ལག་ལེན་བསྟར་ནས་ཆ་འཕྲིན་བསྟན་པའི་ལམ་ལུགས་འཛུགས་སྐྲུན་བྱ་རྒྱུ་དེ་སྔར་ལྷག་གིས་མངོན་གསལ་མདུན་སྤེལ་བྱེད་དགོས།
ཐེངས་འདིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐོག་ད་དུང་《སྤྱི་ཚོགས་རོགས་སྐྱོར་བྱ་རྒྱུའི་གནས་སྐབས་ཀྱི་ལག་བསྟར་བྱེད་ཐབས་ཀྱི་(འཆར་ཟིན)》གྲོས་གཞི་བྱས་ནས་སྤྱི་ཚོགས་ལ་མངོན་གསལ་གྱི་སྒོ་ནས་བསམ་འཆར་སྡུད་ལེན་བྱེད་རྒྱུའི་གྲོས་ཐག་བཅད་དེ་སྤྱི་ཚོགས་རོགས་སྐྱོར་ཐོབ་པ་བྱ་རྒྱུ་དེ་ཆ་རྐྱེན་འཛོམས་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྤྱོད་ཆོག་པའི་ཁྲིམས་བཀོད་ཀྱི་དབང་ཆར་འགྱུར་དགོས་པ་དང་། ཁྱད་པར་དུ་ཆེས་དཀའ་ངལ་ཡོད་པའི་མི་སྣར་བཀྲེས་ལྟོགས་ཀྱིས་མནར་དུ་མི་འཇུག་པ་དང་ནད་གཞི་ཆེན་པོས་དཀའ་སྡུག་ཏུ་ལྷུང་དུ་མི་འཇུག་པ། ལས་ཀ་ཤོར་ནས་སེམས་སྡུག་མི་འཇུག་པ། གནོད་སྐྱོན་ཐེབས་ནས་དཀའ་ངལ་མི་འབྱུང་དུ་འཇུག་པ་བཅས་གང་ཐུབ་ཅི་ཐུབ་བྱས་ནས་སྤྱི་ཚོགས་འགན་སྲུང་མ་ལག་གི་རྨང་གཞི་དེ་བརྟན་པོ་བཏིང་གང་ཐུབ་བྱས་ཏེ། སྤྱི་ཚོགས་ཡོངས་ལ་བརྟན་བརླིང་དང་བློས་འཁེལ་ཆོག་པའི་དམངས་འཚོ་འགན་སྲུང་གི་སྔོན་དཔག་སྟེར་པ་དང་། སེམས་མི་བདེ་བ་དང་སེམས་ཁྲལ་བྱེད་ཚད་ཉུང་དུ་བཏང་ནས་སྤྱི་ཚོགས་ཀྱི་དྲང་བཞག་དང་བདེ་སྐྱིད་ཀྱི་ཚོར་སྣང་འཕར་དུ་འཇུག་དགོས་ཞེས་བསྟན་པ་རེད།