བུ་ཕྲུག་གཅིག་རྐྱང་མེད་པའི་ཁྱིམ་ཚང་གི་རོགས་སྐྱོར་མ་དངུལ་གྱི་ཚད་གཞི་མཐོ་རུ་བཏང་།
མིག་དམར་གྱིས་བསྒྱུར། 2014-01-23
མིག་སྔར། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་། དམངས་སྲིད་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་བཅས་ལས་དོན་ཨུ་ལྷན་ལྔས་མཉམ་འབྲེལ་བྱས་ཏེ《སྔར་ལྷག་གིས་འཆར་ལྡན་བུ་བཙའི་ཐད་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རོགས་སྐྱོར་ལས་ཀ་ལེགས་སྒྲུབ་བྱེད་པའི་སྐོར་གྱི་བརྡ་ཐོ》དཔར་འགྲེམས་བྱས་ཤིང་། འཆར་ལྡན་བུ་བཙའི་ཐད་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་དཔལ་འབྱོར་ཐད་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྒན་གསོ་འགན་སྲུང་གི་ལས་ཀ་ལེགས་པོ་སྒྲུབ་དགོས། སྨན་བཅོས་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་དགོས་ལ། རྒྱ་ཁྱབ་ཏུ་སྤྱི་ཚོགས་ལ་ཐུགས་ཁུར་བྱེད་པའི་བྱེད་སྒོ་སྤེལ་དགོས་ཞེས་བསྟན་པ་རེད།
བརྡ་ཐོའི་ཐོག་སྟོན་རྒྱུར། 2014ལོ་ནས་བཟུང་།བུད་མེད་ལོ་ན49ལ་སོན་པའི་བུ་ཕྲུག་གཅིག་རྐྱང་རྨས་མ་དང་དབང་པོ་སྐྱོན་ཅན། ཤི་བའི་བཟའ་ཟླ་ཁྱིམ་ཚང་བཅས་ཡིན་ཕྱིན་དམིགས་བསལ་གྱི་རོགས་སྐྱོར་མ་དངུལ་གྱི་དམིགས་ཚད་དེ་ཁག་འབྱེད་དེ་གྲོང་ཁྱེར་དང་གྲོང་རྡལ་མི་རེར་ཟླ་བ་རེར་སྒོར270དང་སྒོར340མཐོ་རུ་གཏོང་རྒྱུ་ཡིན་ཞིང་། ཞིང་སྡེའི་མི་རེར་ཟླ་བ་རེར་སྒོར150དང་སྒོར170མཐོ་རུ་གཏོང་རྒྱུ་ཡིན་པ་མ་ཚད་ལག་བསྟར་བྱེད་བདེ་བའི་འཕར་སྣོན་ནང་རྐྱེན་བསྐྲུན་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་བསྡུར་ཚད་མི་འདྲ་བ་ལ་གཞིགས་ནས་ཤར་རྒྱུད་དང་དབུས་རྒྱུད། ནུབ་རྒྱུད་ས་ཁུལ་ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་རེད།
བརྡ་ཐོའི་ཐོག་གསལ་པོར་སྟོན་རྒྱུར། ཆ་རྐྱེན་དང་མཐུན་པའི་འཆར་ལྡན་བུ་བཙའི་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་གྲུབ་མིས་རྣམ་པ་གསར་པའི་ཞིང་སྡེའི་སྤྱི་ཚོགས་རྒན་གསོ་ཉེན་འགོག་དང་གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་སྤྱི་ཚོགས་རྒན་གསོ་ཉེན་འགོག་ཏུ་ཞུགས་མཁན་ལ་གཏན་འཁེལ་ལྟར་ཉེན་འགོག་ལ་ཞུགས་པའི་ཁ་གསབ་མ་དངུལ་སྤྲོད་དགོས། ལོ་ན60ཡན་གྱི་འཆར་ལྡན་བུ་བཙའི་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་གྲུབ་མི་དང་ཁྱད་པར་དུ་ནུས་པ་ཤོར་བ་དང་ནུས་པ་ཆ་ཤས་ཤོར་མཁན་ལ་དམིགས་སུ་བཀར་ནས་སྲིད་གཞུང་གིས་མ་དངུལ་བཏང་ནས་བཙུགས་པའི་རྒན་གསོ་ལས་ཁུངས་སུ་སྡོད་པར་བཀོད་སྒྲིག་བྱེད་དགོས།