ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་འཚོ་དངུལ་ཆུ་ཚད་དེ་ཡང་བསྐྱར་བརྒྱ་ཆ10འཕར་སྣོན་གཏང་རྒྱུ །
ཀུན་དགས་བསྒྱུར། 2014-01-21
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ1ཚེས8ཉིན་འབྱོར་བའི་གཏམ་གསར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གཙོ་འགན་གཞེས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པར། 2014ལོའི་ཟླ་བ1ཚེས1ཉིན་ནས་བཟུང་། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་མ་དངུལ་གྱི་ཆུ་ཚད་དེ་ཡང་བསྐྱར་བརྒྱ་ཆ10འཕར་སྣོན་གཏང་རྒྱུ་ཡིན་པས་མ་ཚད་དེའི་ནང་གི་དམིགས་བསལ་དཀའ་གནད་ཡིན་པའི་མང་ཚོགས་ལ་གཟིགས་སྐྱོང་འོས་འཚམས་བྱ་རྒྱུ་ཡིན་པ།
རྒྱལ་ཡོངས་ཁེ་ལས་ཀྱི་ཁྲི7400ལྷག་གི་ལས་འཁྱུར་ངལ་གསོ་མི་སྣར་ཕན་པ་ཐོབ་པ་བྱ་རྒྱུ་ཡིན་པ་དང་། འདི་ནི་རང་རྒྱལ་གྱིས་བསྟུད་མར་ལོ10རིང་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་མ་དངུལ་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་ཞིག་རེད།
2005ལོ་ནས་2013ལོའི་བར། རང་རྒྱལ་གྱིས་བསྟུད་མར་ལོ9ཡི་རིང་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་མ་དངུལ་གྱི་ཆུ་ཚད་དེ་ལེགས་སྒྲིག་བྱས་ཡོད་པ་རེད། 2005ལོའི་ལེགས་སྒྲིག་མ་བྱས་གོང་གི་ཟླ་རེར་མི་རེར་ཆ་སྙོམས་སྒོར700ཡི་ཆུ་ཚད་དང་བསྡུར་ན2013ལོར་ལས་འཁྱུར་མ་དངུལ་ལེགས་སྒྲིག་བྱས་རྗེས་ཟླ་རེར་མི་རེར་ཆ་སྙོམས་སྒོར1893ཐོག་སླེབས་པ་རེད།
ཆེད་ལས་མཁས་ཅན་མི་སྣས་རྒན་གསོ་མ་དངུལ་གྱི་ཚད་གཞི་ཇེ་མཐོར་གཏོང་བ་དེ་གཙོ་བོ་རྒྱུ་རྐྱེན་གཉིས་ལ་རག་ལས་པ་སྟེ། གཅིག་ནི་ཟོག་གོང་ཆུ་ཚད་འཕར་བ་དང་། གཉིས་ནི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པ་དེ་རེད་ཅེས་ངོས་འཛིན་བྱེད་པ་རེད།
ཐེངས་འདིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐོག་ད་དུང་བསྟན་དོན། རྒན་གསོ་ཉེན་འགོག་སོགས་ཀྱི་ལམ་ལུགས་བཅོས་བསྒྱུར་བྱས་པར་བརྒྱུད། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་མ་དངུལ་རྒྱུན་ལྡན་གྱི་ལེགས་སྒྲིག་ནང་རྐྱེན་འཛུགས་པ་དང་དེ་འཐུས་སྒོ་ཚང་དུ་གཏོང་དགོས་པ་རེད།