གཙང་གསུམ་འབྱུང་ཡུལ་གྱི་རྩྭ་རའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀར་ལེགས་བཅོས་བྱུང་།
མིག་དམར་གྱིས་བསྒྱུར། 2013-12-13
ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཉེ་ཆར་འབྱོར་བའི་གཏམ་གསར། རྒྱང་ཚོར་རྒྱང་འཇལ་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ཨར་ལས་ལག་བསྟར་བྱས་པ་ནས་བཟུང་གཙང་གསུམ་འབྱུང་ཡུལ་གྱི་རྩྭ་རའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་མཐོ་རུ་བཏང་ཞིང་སྐྱེ་ཁམས་མ་ལག་གི་སྒྲིག་གཞི་འགྱུར་ལྡོག་བྱུང་ཚད་དལ་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2005ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར75བཏང་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་རྒྱུའི་ཨར་ལས་ལས་འགོ་བཙུགས་ཏེ། འབྲོག་བསྐྱུར་རྩྭ་སྤེལ་དང་ཞིང་དོར་ནགས་འཛུགས་དང་རྩྭ་འདེབས། ས་ནག་གྲམ་པ་བཅོས་སྐྱོང་། རྩྭ་ཐང་ཨ་བྲའི་གནོད་འཚེ་འགོག་བཅོས། ས་ཆུ་སྲུང་འཛིན། ཕྱུགས་ཟོག་ཇེ་ཉུང་གཏོང་བ་སོགས་ཀྱི་ཨར་ལས་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་བརྒྱ་ཆ86གི་རྩྭ་ར་ཞན་དུ་འགྲོ་བའི་གནས་ཚུལ་མི་འགྱུར་བར་སྲུང་འཛིན་བྱས་ཐུབ་ཡོད། བརྒྱ་ཆ13ལ་ཉེ་བའི་རྩྭ་ར་ཇེ་བཟང་དུ་འགྲོ་བ་དང་མངོན་གསལ་ཇེ་བཟང་དུ་འགྲོ་བ་རེད། རྩྭ་ར་ཇེ་ཞན་དུ་འགྲོ་བའི་ས་ཁུལ་གཙོ་བོ་དེ་ཨར་ལས་ལག་བསྟར་བྱེད་དུས་ཇེ་ཞན་དུ་འགྲོ་ཚད་དལ་བའི་རྣམ་པ་མངོན། རྩྭ་ར་ཁ་ཤས་ཞན་དུ་འགྲོ་ཚབས་ཆེ་བའི་ས་ཁུལ་གྱི་སྐྱེ་ཁམས་སླར་གསོ་མངོན་གསལ་ཡིན། དེ་དང་མཉམ་དུ་རྩྭ་རའི་ཐོན་སྐྱེད་བྱེད་ནུས་མཐོ་རུ་སོང་ཞིང་རྩྭ་མང་དུ་ཐོན་པའི་ཕན་འབྲས་དམིགས་བསལ་དུ་ཐོན་པ་རེད།