ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར།ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་དང་བོད་སྨན་ལ་ཆ་ཚང་བའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་ཕུན་སུམ་ཚོགས་པའི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ལྡན་ཡོད།ཡིན་ནའང་དེའི་སྲོལ་རྒྱུན་གྱི“བལྟ་རེག་འདྲི་གསུམ”གྱིས་ནད་གཞི་བརྟག་དཔྱད་བྱེད་ཐབས་ལ་གནད་ལ་འཕིགས་པའི་གྲངས་གཞིའི་འདེགས་སྐྱོར་མ་ལག་འདང་གི་མེད།ད་ཆ་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་གནའ་བོའི་བོད་ལུགས་གསོ་རིག་དང་བོད་སྨན་གྲངས་གཞི་ཅན་གྱི་བགྲོད་ལམ་ཐོག་བྱ་འཕུར་བ་ལྟར་གོང་འཕེལ་བྱུང་ནས་དེ་བས་ཚན་རིག་དང་མཐུན་པའི་སྒྲིག་གཞི་དང་ལམ་སྲོལ་ཁྲོད་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་བཞིན་ཡོད་པ་རེད།
བོད་ལྗོངས་སྨན་རྩིས་ཁང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་ཡེ་ཤེས་གཡང་འཛོམས་ཀྱིས་དམངས་ཁྲོད་དུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་ཤོག་མང་ཞིང་ཡིག་ཚོགས་ཆེ་བ་དེ་དག་བལྟོས་བཅས་ཀྱིས་ཁ་ཐོར་ཡིན་པས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐོན་ཁུངས་གསར་སྤེལ་དང་དྲ་བ་ཅན་གྱི་དུས་རབས་སུ་ཞིབ་འཇུག་བྱ་རྒྱུར་སྟབས་བདེ་མེད་པ་རེད།སྨན་དཔྱད་དེ་དག་བསྡུ་རུབ་དང་ལེགས་སྒྲིག་བྱ་ཆེད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས2009ལོ་ནས་བཟུང་བོད་ལུགས་གསོ་རིག་གི་སྨན་པ་རྒན་གྲས12ཀྱིས་ལོ་མང་རིང་བསགས་པའི་སྨན་ཤོག་ཁྲི་བརྒྱ་ཕྲག་ཁྲོད་ནས་སྨན་ཤོག་ཁྲི་བཅུ་ལྷག་ཙམ་ལེགས་འདེམས་བྱས་ནས་རིགས་གཅིག་མཁས་ཅན་གྱི་མིང་གཞུང་དང་དེ་བཞིན་ནད་རིགས་ལ་གཞིགས་ནས་གྲངས་གཞི་ཅན་གྱི་རིགས་དབྱེ་དང་ཨང་ཀི་སྒྲིག་ཡོད།མིག་སྔར་ལས་ཀ་དེ་མཇུག་འགྲིལ་མཚམས་སུ་སླེབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ད་ཕན་ལོ་ཤས་རིང་བོད་ལྗོངས་སྨན་རྩིས་ཁང་གིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནའ་བོའི་ཚད་ལྡན་ཡིག་ཆའི་གྲངས་གཞིའི་མཛོད་སྐྲུན་པ་དང་མིག་སྔར་བོད་ལུགས་གསོ་རིག་གི་གནའ་གཞུང་དེབ100ལྷག་ཙམ་སྤྱད་ཡོད་པ་དང་འདི་ལོའི་ལོ་མཇུག་ཏུ་གྲངས་གཞིའི་མཛོད་དེ་བོད་ཀྱི་སྨན་རྩིས་ཁང་གཞན་དག་ལ་རིམ་བཞིན་ཁྱབ་གདལ་གཏོང་རྒྱུ་རེད།