ད་ལོའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནི། འཛམ་གླིང་གི་ཨེ་ཙི་ནད་ཀྱི་ཉིན་མོ་ཐེངས་ཉེར་དྲུག་པ་རེད། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནད་ཡམས་འགོག་བཅོས་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 1998ལོར་མཚོ་སྔོན་ཞིང་ཆེན་དུ་ཨེ་ཙི་ནད་འགོས་ཡོད་པའི་ནད་པ་ཐོག་མར་རྙེད་པའི་ཚུན་ནས་ད་ལྟའི་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་ཨེ་ཙི་ནད་འགོས་ཡོད་པའི་ནད་པ་བརྒྱད་བརྒྱ་དང་བཅུ་རྙེད་པ་དང་། དེའི་ཁྲོད་ཚེ་ལས་འདས་པའི་ནད་པ་བརྒྱ་དང་བཅུ་བཞི་ཡོད། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཕན་ཡོད་བྱེད་ཐབས་མང་པོ་སྤྱད་ནས། ཨེ་ཙི་ནད་ཀྱི་འགོག་བཅོས་ཐབས་ཇུས་ནན་ཏན་གྱིས་ལག་བསྟར་བྱས་ཏེ། འགོག་བཅོས་ཀྱི་གྲུབ་འབྲས་མངོན་གསལ་བླངས།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཐབས་མང་མཉམ་སྤྱད་ཀྱིས་ཨེ་ཙིའི་ནད་འགོག་བཅོས་བྱ་བ་གཏིང་ཟབ་ཏུསྤེལ་བས། མཚོ་སྔོན་ཞིང་ཆེན་གྱི་ཨེ་ཙིའི་ནད་འགོག་བཅོས་ཀྱི་སྒྲིག་གཞི་རིམ་བཞིན་འཐུས་ཇེ་ཚང་དུ་སོང་ནས། དྲིལ་སྒྲོག་སློབ་གསོ་དང་ལྟ་ཞིབ་ཚད་ལེན། བྱ་སྤྱོད་ལ་ཐེ་གཏོགས་བྱེད་པ། སྨན་བཅོས་དང་སེམས་ཁུར་བྱེད་པ་གཙོར་བྱས་པའི་ཨེ་ཙི་ནད་ཀྱི་འགོག་བཅོས་མ་ལག་མུ་མཐུད་དུ་འཐུས་ཇེ་ཚང་དུ་སོང་ལ། འགོག་བཅོས་བྱ་བ་སྣ་ཚོགས་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བཞིན་ཡོད། དེ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱི་ཨེ་ཙིའི་ནད་ལྟ་ཞིབ་ཚད་ལེན་གྱི་ཁེབས་ཚད་བརྟན་བརླིང་ངང་རྒྱ་བསྐྱེད་འགྲོ་བཞིན་ཡོད། ཞིང་ཆེན་ཡོངས་སུ་ནད་རྟགས་གཏན་འཁེལ་ཚོད་ལྟ་ཁང་གཅིག་དང་། ནད་རྟགས་གདམ་ཞིབ་ཚོད་ལྟ་ཁང་ཞེ་གཅིག་གིས་གྲུབ་པའི་ཨེ་ཙིའི་ནད་ཀྱི་ཞིབ་དཔྱད་ཚད་ལེན་དྲ་རྒྱ་བཙུགས་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཨེ་ཙིའི་ནད་ཀྱི་ནད་རྟགས་གནས་ཚུལ་ཐད་ཀར་སྙན་ཞུ་བྱེད་པའི་དོ་དམ་མ་ལག་བཙུགས་ནས། ཨེ་ཙིའི་ནད་གསར་བྱུང་ནད་གཞིའི་དྲ་རྒྱའི་ཐད་ཀར་སྙན་ཞུ་བྱེད་ཚད་བརྒྱ་ཆ་བརྒྱ་རུ་བསླེབས། རྒྱལ་ཁབ་རིམ་པའི་ཨེ་ཙིའི་ནད་ཀྱི་ལྟ་ཞིབ་ཚད་ལེན་བྱེད་ས་ཉེར་གཉིས་བཙུགས་པ་དང་། རིན་མི་ལེན་པའི་ཨེ་ཙིའི་ནད་ཀྱི་རང་འདོད་བློ་འདྲིའི་ལྟ་ཞིབ་ཚད་ལེན་གྱི་སྐབས་བཅོས་ཁང་བརྒྱ་དང་སོ་བདུན་བཙུགས། རྫོང་སོ་སོའི་ནད་ཡམས་འགོག་བཅོས་ལྟེ་གནས་ཀྱིས་ཨེ་ཙིའི་ནད་འབྱུང་སླ་བའི་མི་ཚོགས་ཀྱི་བྱ་སྤྱོད་ལ་ཐེ་གཏོགས་བྱེད་པའི་བྱ་བ་སྤེལ་ནས། ཨེ་ཙིའི་ནད་འགོ་སླ་བའི་མི་ཚོགས་ཀྱི་རང་སྲུང་འདུ་ཤེས་ཇེ་མཐོར་བཏང་།