ཀྲུང་གུང་ཀྲུང་དབྱང་གིས་ཏང་ནང་གི་ཁྲིམས་སྲོལ་གཏན་འཁེལ་བྱ་བའི་ལོ་ལྔའི་འཆར་འགོད་རྩ་གནད་འགྲེམ་སྤེལ་བྱས།
མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-11-29
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་ལྟར། «ཀྲུང་དབྱང་གི་ཏང་ནང་གི་ཁྲིམས་སྲོལ་གཏན་འཁེལ་བྱ་བའི(2013ལོ་ནས2017ལོའི་བར)གྱི་ལོ་ལྔའི་རྩ་གནད»ཅེས་པ་ཉེ་ལམ་འགྲེམ་སྤེལ་བྱས། དེ་ནི་ང་ཚོ་ཏང་གི་ལོ་རྒྱུས་སྟེང་ཏང་ནང་གི་ཁྲིམས་སྲོལ་གཏན་འཁེལ་བྱ་བར་ཐེངས་དང་པོར་མཐོ་རིམ་ནས་ཇུས་འགོད་དང་ཚན་རིག་ལྟར་ཇུས་འགོད་བྱས་པ་ཡིན་ལ། ཏང་གི་འཛུགས་སྐྲུན་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད།
«རྩ་གནད»ལས་ཕྱིན་ཆད་ལོ་ལྔའི་ནང་ཀྲུང་དབྱང་གི་ཏང་ནང་གི་ཁྲིམས་སྲོལ་གཏན་འཁེལ་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་བཀོད་སྒྲིག་བྱས་པར་མ་ཟད། མཛུབ་སྟོན་བསམ་བློ་དང་བྱ་བའི་དམིགས་འབེན། གཞི་རྩའི་རེ་བ། ལས་འགན་གཙོ་བོ། དངོས་འབེབ་རེ་བ་བཅས་གཏན་ལ་ཕབ་པས། དེ་ནི་ཏང་ནང་གི་ཁྲིམས་སྲོལ་གཏན་འཁེལ་བྱ་བ་བཟང་བོར་སྒྲུབ་པའི་མཛུབ་སྟོན་རང་བཞིན་གྱི་ཡིག་ཆ་གལ་ཆེན་ཞིག་རེད། རྩ་གནད་གཏན་འཁེལ་དང་ལག་བསྟར་བྱེད་ན། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ཏང་འཛུགས་སྐྲུན་བྱེད་པ་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་བསྒྱུར་བ། ཏང་གི་ཚན་རིག་ལྟར་སྲིད་སྐྱོང་བ་དང་། དམངས་གཙོའི་སྒོ་ནས་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་སྐྱོང་བ་བཅས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན།
ཀྲུང་དབྱང་གིས་ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་རྩ་གནད་ལ་སློབ་སྦྱོང་བྱེད་རྒྱུ་དེ་ཏང་འཛུགས་སྐྲུན་བྱེད་པ་དང་། ཏང་གི་སྲིད་འཛིན་ནུས་པ་ཇེ་ཆེར་གཏོང་བའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་ལ། གོ་གནས་གཙོ་བོར་བཞག་སྟེ་སྟོབས་ཤུགས་ཡོད་རྒུས་ཏང་གི་སྲིད་འཛིན་རྒྱལ་སྐྱོང་དང་རང་གི་འཛུགས་སྐྲུན་ལམ་ལུགས་ཇེ་བརྟན་དུ་གཏོང་དགོས་པའི་རེ་བ་བཏོན།