མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་ནས་བདེ་འཇགས་ཐོན་སྐྱེད་བྱ་བ་བཀོད་སྒྲིག་བྱས།

བདེ་སྐྱིད་འཚོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-11-29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་ཚེས27ཉིན་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། གོ་རིམ་རྗེས་མའི་བདེ་འཇགས་ཐོན་སྐྱེད་བྱ་བ་བཀོད་སྒྲིག་བྱས། དེ་ནི་ད་ལོར་རྒྱུན་ལས་གྲོས་ཚོགས་སྟེང་ཐེངས་གཉིས་པར་བདེ་འཇགས་ཐོན་སྐྱེད་བྱ་བར་གཅིག་བསྡུས་ཀྱིས་ཞིབ་འཇུག་བྱས་པ་རེད།
གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་བྱ་བར་སྔར་ལས་ཤུགས་སྣོན་པའི་བསམ་འཆར་མྱུར་དུ་གཏན་འབེབ་བྱེད་དགོས་ལ། དེང་སྐབས་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་ཆེན་པོ་བྱེད་པའི་བྱ་བ་དམ་འཛིན་བྱས་ནས། གཙོ་བོ་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་དང་སྣུམ་དང་སོལ་རླངས་འདྲེན་པ། གྲོང་ཁྱེར་དོ་དམ་དྲ་རྒྱའི་བདེ་འཇགས་ཐོན་སྐྱེད་ཆེད་དོན་ཞིབ་བཤེར་བྱ་བར་སྔར་ལས་ཤུགས་བསྣན་ནས། ལོ་མཇུག་གི་བདེ་འཇགས་ཐོན་སྐྱེད་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོ་དང་ནང་སྒོས་སུ་མགོ་ཁྲིད་ལས་བྱེད་པས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་གོ་སྐབས་སུ་བརྩིས་ནས། སྤྱོད་སྟངས་སྔར་ལས་བསྒྱུར་བ་དང་། དངོས་འབེབས་བྱ་བ་དམ་འཛིན་བྱས་ནས། བདེ་འཇགས་ཐོན་སྐྱེད་བྱ་བ་གཟབ་ནན་སྒོས་བསྒྲུབ་དགོས་པ་དང་། འགན་འཁྲི་ལག་བསྟར་བྱེད་དགོས། གཅིག་ནས་བསམ་བློའི་སྟེང་ནས་ངེས་པར་དུ་དོ་སྣང་ཆེན་པོ་བྱས་ནས་སྣང་མེད་དུ་འཇོག་མི་རུང་། གཉིས་ནས་དམིགས་འབེན་སྟེང་ནས་ངེས་པར་དུ་རང་གིས་རང་ལ་རེ་བ་ནན་མོ་བཏོན་ནས། ཆག་སྒོ་ཆེན་པོ་མི་འབྱུང་བར་ཁག་ཐེག་བྱེད་དགོས། གསུམ་ནས་བྱེད་ཐབས་སྟེང་ནས་ངེས་པར་དུ་རྩ་ལག་མཉམ་བཅོས་བྱས་ནས། བདེ་འཇགས་འགན་སྲུང་རྨང་གཞིའི་ནུས་པ་ཇེ་ཆེར་གཏོང་དགོས། བཞི་ནས་འགན་འཁུར་སྟེང་ནས་ངེས་པར་དུ་འགན་འཁྲི་རྩད་ནན་མོ་གཅོད་དགོས།
གྲོས་ཚོགས་ནས་ཙོང་ཆུའི་བཞུར་རྒྱུན་གྱི་བཙོག་རྫས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཆེས་གཟབ་ནན་གྱི་མགོ་ཁུངས་སྔོན་འགོག་ཚོད་འཛིན་བྱེད་ཐབས་དང་། ཆེས་ཕན་འབྲས་ལྡན་པའི་བཟོ་སྐྲུན་ཐག་གཅོད་བྱེད་ཐབས། ཆེས་ནུས་ཤུགས་ལྡན་པའི་ཕྱོགས་བསྡུས་ལྟ་ཞིབ་དོ་དམ་བྱེད་ཐབས་སྤྱད་དེ། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་མཇུག་ཏུ་མཚོ་སྔོན་མི་དམངས་ལ་གཙང་ཞིང་དྭངས་པའི་མ་ཡུམ་ཆུ་བོ་ཞིག་བསྐྲུན་པར་ཁག་ཐེག་བྱེད་དགོས་ཟེར།
གྲོས་ཚོགས་ནས་ད་རུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ཆེ་གྲས་ཐོག་མ་ཉིང་ཁྲི་ས་ཁུལ་ནས་འཛུགས་སྐྲུན་བྱེད་འགོ་ཚུགས།
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་གིས་ཏང་ནང་གི་ཁྲིམས་སྲོལ་གཏན་འཁེལ་བྱ་བའི་ལོ་ལྔའི་འཆར་འགོད་རྩ་གནད་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།