ལྕགས་ཐར་རྒྱལ་གྱི《བོད་སྐད་ཀྱི་ཚིག་གི་རྣམ་བཞག་ཤིན་ཏུ་གསལ་བར་བཤད་པ་རིག་འཕྲུལ་རྒྱན་ཕྲེང》པར་སྐྲུན་གནང་བ།

    མཚོ་སྔོན་པོ་དྲ་བ།    2013-11-28

ལྕགས་ཐར་རྒྱལ་གྱི《བོད་སྐད་ཀྱི་ཚིག་གི་རྣམ་བཞག་ཤིན་ཏུ་གསལ་བར་བཤད་པ་རིག་འཕྲུལ་རྒྱན་ཕྲེང》པར་སྐྲུན་གནང་བ།
ལྕགས་ཐར་རྒྱལ་གྱིས་བརྩམས་པའི《བོད་སྐད་ཀྱི་ཚིག་གི་རྣམ་བཞག་ཤིན་ཏུ་གསལ་བར་བཤད་པ་རིག་འཕྲུལ་རྒྱན་ཕྲེང》།

  ནང་དོན་གནད་བསྡུས།
  འདིར་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་བོད་སྐད་ཀྱི་ཚིག་གི་ངེས་ཚིག་དང་། སྒྲིག་གཞི། དབྱེ་བ། གྲུབ་ལུགས། བསྟན་དོན་བཅས་ཀྱིས་གཙོས་པའི་གནད་རྣམས་ཕྱོགས་སུ་བསྡུས་ཏེ། བོད་ཡིག་གི་གླེགས་བམ24 དང་། རྒྱ་ཡིག་གི་དཔེ་དེབ29ཡི་ལྟ་བ་ཞིབ་ཏུ་བསྡུར། བོད་ཡིག་གི་བསྟན་བཅོས71དང་། རྒྱ་ཡིག་གི་དཔེ་ཆ39རིག་པའི་ཁུངས་སུ་བསྟེན། བོད་ཡིག་གི་གསུང་ཆོས102ལས་ཚིག་རྐྱང་མི་འདྲ་བ1021དཔེ་རུ་དྲངས། བརྡ་སྤྲོད་དང་མཐུན་མི་མཐུན་ཅི་རིགས་ཀྱི་གནད་དོན་གསལ་བར་བྱ་ཕྱིར། དཔེར་བརྗོད200གསར་དུ་བྱས་ནས་གསལ་བཤད་དང་། དཔེར་བརྗོད། རེའུ་མིག་ཟུང་དུ་སྦྲེལ་བའི་སྒོ་ནས་བོད་སྐད་ཀྱི་ཚིག་གི་རྣམ་གཞག་ཤིན་ཏུ་ཞིབ་ཅིང་ཕྲ་བ། ཟབ་ཅིང་རྒྱས་པར་བསྟན་ཡོད།
  མཚམས་སྦྱོར།
  ཚིག་ནི་བརྡ་སྤྲོད་རིག་པའི་འགག་དོན་ཉག་གཅིག་ཡིན་པ་དང་ད་ལྟའི་བར་རང་རེའི་བརྡ་སྤྲོད་ཀྱི་གཞུང་རྣམས་སུ་ཚིག་གི་རྣམ་གཞག་འདི་དཀའ་གནས་སུ་ཤེས་ཀྱང་བཏང་སྙོམས་སུ་བཞག་ཡོད་པས། གཞུང་འདི་ནི་མ་འོངས་པའི་བོད་སྐད་ཀྱི་བཀོལ་སྤྱོད་དང་འཕེལ་རྒྱས་ལ་ངེས་དོན་གྱི་ཕན་སྐྱེད་ཆེ་བར་མཐོང་། གང་ལ་ཟེར་ན་སྐད་ཆའི་སྦྱོར་ལུགས་དང་བརྡ་སྤྲོད་ཐབས་ཀྱི་རིགས་ལམ་ཕྲ་མོའི་རྣམ་བཞག་ནི་སྐད་དང་ཡི་གེ་གང་ཡང་དེང་རབས་ཀྱི་ཚན་རྩལ་རིག་འཕྲུལ་གྱི་རྒྱན་དུ་འགྱུར་བ་དང་། འཕྲུལ་བསྒྱུར་ལོ་ཙཱ་སོགས་མངོན་དུ་བྱེད་པ། ལྷག་པར་ཡི་གེ་དང་སྐད་ཆ་གང་དེའི་སྡེབ་ལ་ཉར་བའི་ཆོས་དང་རིག་གཞུང་དར་སྤེལ་སོགས་མདོར་ན་རྩ་བ་འདི་ལ་ཐུག་འདུག་གོ །
  དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་བརྩམས་པའི་གཞུང་འདིའི་བརྗོད་བྱའི་དོན་གྱི་གནས་ལུགས་ཟབ་ཅིང་གོ་བ་གནད་དུ་ཐིངས་པ། དཔྱད་པའི་གཏིང་ཚུགས་ཤིང་རུས་ཆོད་པ། ཚིག་སྦྱོར་སྔ་ཕྱི་གོང་འོག་ལ་གཏན་ཚིགས་ཀྱི་ཞིབ་ཆ་ཤིན་ཏུ་ཟབ་མོ་ཐོན་པ། ཚིག་ཟུར་གྱི་སྤྲོས་པས་མ་བསྒྲིབས་པར་ཤིན་ཏུ་ཕྲ་བའི་དོན་གྱི་གནད་འབྱིན་པ་ལ་གཟེར་བཏབ་པ་ལྟ་བུ་སོགས་གཞུང་འདི་བཀླགས་ཤིང་མཇལ་བ་རྣམས་ལ་གསལ་བོ་ངོ་འཕྲོད་པར་འགྱུར་རོ།།
  དེ་མིན་པར་ངོས་སྡེབ་སྒྲིག་དང་ཞུས་དག དེབ་ཀྱི་སྤུས་ཀའི་ཐད་ལའང་ཞིབ་ཆ་ཅི་ཐུབ་བྱས་པ་ཡིན་མོད། ད་དུང་ནོངས་པའི་ཆ་ཡོད་ངེས་པས། རྒྱ་ཆེའི་ཀློག་མཁན་རྣམས་ཀྱི་དགོངས་འཆར་ལྷུག་པར་སྩོལ་བ་ལ་དགའ་ཞིང་གུས་པས་རྗེས་སུ་ཡི་རང་ངོ་།།

ལྕགས་ཐར་རྒྱལ་གྱི《བོད་སྐད་ཀྱི་ཚིག་གི་རྣམ་བཞག་ཤིན་ཏུ་གསལ་བར་བཤད་པ་རིག་འཕྲུལ་རྒྱན་ཕྲེང》པར་སྐྲུན་གནང་བ།
མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་བོད་ཀྱི་བརྡ་སྤྲོད་རིག་པའི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་ལགས།

  རྩོམ་པ་པོ་ངོ་སྤྲོད།
  ལྕགས་ཐར་རྒྱལ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་བོད་ཀྱི་བརྡ་སྤྲོད་རིག་པའི་དགེ་རྒན་ཆེན་མོ།《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད》དང་། 《བོད་ཀྱི་ཡི་གེ་བྱུང་འཕེལ་གྱི་རིམ་པ་བརྗོད་པ་རིག་པའི་སྒྲོན་མེ》《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་ལྡེ་མིག》《སྐད་ཆ་དང་ལོ་རྒྱུས་ཞིབ་འཇུག་དཔྱོད་ལྡན་རིག་པའི་སྒོ་འབྱེད》《སུམ་རྟགས་ཀྱི་དཀའ་གནས་ལས་བཏོན་པའི་དྲིས་ལན》《བོད་ཀྱི་སྐད་ཡིག་ལ་འཇུག་པའི་སྒོ》 སོགས་བརྩམས་དེབ10ལྷག་སྤེལ།
                                                                  ཞེས་རྩོམ་སྒྲིག་པས2013ལོའི་ཟླ11པའི་ཚེས25ཉིན་སྦྱར། 

  • ལེ་ཚན་སྔོན་མ།:2013ལོའི་རི་འཛེགས་ལུས་རྩལ་པའི་དགུན་དུས་ཀྱི་སྦྱོང་བརྡར་བདེ་བླག་ངང་མཇུག་སྒྲིལ་བ།
  • ལེ་ཚན་རྗེས་མ།:2013ལོའི་ཚན་རིག་གིས་ཨེ་ཛི་ནད་ཡམས་འགོག་བཅོས་བྱེད་པའི་སྤྱི་ཕན་དགེ་ལས་དགོང་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།