ལི་ཁེ་ཆང་གིས་དུས་ནམ་ཡང་མཐོ་གྲང་ས་ཁུལ་ས་འགུལ་ཐེབས་ཁུལ་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་འཇོག་དགོས་ཞེས་ནན་གསུང་གནང་།
གངས་སྐྱིད་ཀྱིས་བསྒྱུར། 2013-08-22
ཟླ་བ8པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཀན་སུའུ་ཞིང་ཆེན་མིང་ཞན་དང་ཀྲང་ཞན་གྱི་ས་འགུལ་ཐེབས་ཁུལ་ལ་ཕེབས་ཏེ་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།
གཟིགས་ཞིང་གནང་སྐབས།ལི་ཁེ་ཆང་གིས་བསྟན་དོན། མིང་ཞན་དང་ཀྲང་ཞན་གཉིས་སུ་ས་འགུལ་ཐེབས་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་གཞན་དག་གི་ཀྲུང་དབྱང་དབུ་ཁྲིད་རྣམ་པས་ཐོག་མཐའ་བར་གསུམ་དུ་གནོད་སྐྱོན་ཐེབས་ཁུལ་གྱི་མང་ཚོགས་ལ་སེམས་ཁུར་གནང་བཞིན་པ།
ལི་ཁེ་ཆང་གིས་ནན་པོར་བསྟན་དོན། རང་རྒྱལ་གྱི་ས་ཁོངས་ཆེ་ཞིང་། རང་བྱུང་གི་གནོད་སྐྱོན་ཡང་ཡང་བྱུང་བས། ཉམས་མྱོང་ཕྱོགས་བསྡུས་བྱས་པའི་རྨང་གཞིའི་ཐོག་ཚན་རིག་དང་གོ་རིམ་ཕན་ནུས་བཅས་ལྡན་པའི་གནོད་སྐྱོན་ལ་ཁ་གཏད་འཇལ་བའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་དགོས། གཅིག་ནི་མི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། གཉིས་ནི་ཚན་རིག་དང་མཐུན་པར་ཁ་གཏད་འཇལ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གསུམ་ནི་ལུགས་མཐུན་གྱིས་སྲིད་ཇུས་ཁོང་དུ་ཆུད་པ་རྒྱུན་འཁྱོངས་བྱེད་དགོས། བཞི་ནི་ཡུལ་བབ་དང་བསྟུན་ནས་སྲིད་ཇུས་ལག་ལེན་བསྟར་བ་རྒྱུན་འཁྱོངས་བྱེད་དགོས། ལྔ་ནི་དམངས་ཡོངས་ལ་གནོད་འགོག་གནོད་སེལ་གྱི་ཤེས་བྱ་ཁྱབ་གདལ་གཏང་དགོས།
ཉིན་དེའི་དགོང་མོར། ལི་ཁེ་ཆང་གིས་མིང་ཞན་དུ་གྲོས་ཚོགས་འཚོགས་ཏེ་བར་བརྒལ་དུས་རིམ་གནོད་ཐེབས་མང་ཚོགས་བཀོད་སྒྲིག་དང་ཁྱིམ་གཞིས་བསྐྱར་འཛུགས་བྱ་རྒྱུའི་ལས་ཀར་ཞིབ་འཇུག་གནང་ཡོད། ལེ་ཁེ་ཆང་གིས་ད་ལྟར་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ནི་མང་ཚོགས་བདེ་དྲོད་ངང་དགུན་ཁ་བརྒལ་ཐུབ་པར་ཁག་ཐེག་བྱེད་དགོས་པ་དེ་རེད། ཟླ་བ8པའི་ཟླ་མཇུག་སྔོན་དུ་གསར་དུ་བསྣན་པའི་རས་གུར་ཁྲི1ཚང་མ་གནོད་སྐྱོན་ཐེབས་པའི་དུད་ཚང་ལ་སྦྱིན་ཐུབ་པ་བྱེད་དགོས་པ་དང་། ཟླ་བ9པའི་ཟླ་མཇུག་སྔོན་དུ་དྲོད་ལེན་ཐབ་ཆས་ཡང་ན་ཁ་གསབ་མ་དངུལ་ཚང་མ་གནོད་ཐེབས་དུད་ཚང་ལ་སྦྱིན་ཐུབ་པ་བྱེད་དགོས། ཁྱད་པར་དུ་བྱིས་པ་ཚོ་སློབ་གྲྭར་འགྲོ་རྒྱུའི་བྱ་བ་ལ་གེ་བཅག་མི་ཉན། གནས་སྐབས་ཀྱི་སློབ་གྲྭ་བཀོད་སྒྲིག་ཡག་པོ་བྱས་ཏེ་དུས་བཀག་ལྟར་སློབ་འགོ་ཚུགས་པར་ཁག་ཐེག་བྱེད་དགོས་ཞེས་གསུངས།