ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།སྤྱི་ཟླ8པའི་ཚེས3ཉིན་གྱི་ཕྱི་དྲོར། ཞོ་སྟོན་དུས་ཆེན་གྱི་བྱེད་སྒོ་སྤེལ་ཡུལ་གཙོ་བོ་ནོར་བུ་གླིང་ག་སྟེ་བོད་ཀྱི་ཐང་འི་སྒྱུ་རྩལ་བཤམས་ཁུལ་གྱི་ལྷ་མོ་བླ་མཚོའི་སྒྱུ་རྩལ་གླིང་ནས་འཛམ་གླིང་ཐོག་ཡིག་གཟུགས་ཀྱི་རིགས་ཆེས་མང་ཞིང་། ཡིག་ཐང་ཆེས་རིང་བའི་བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་གཟུགས་གཅེས་བསྡུས་ཞེས་པ་དེ་ཐོག་མར་ཀུན་ལ་མིག་ལམ་དུ་ངོམས་པ་དང་ཆབས་ཅིག ཡིག་གཟུགས་གཅེས་བསྡུས་དེར་འཛམ་གླིང་གི་ཅི་ཉི་སིའི་ཟིན་ཐོར་ཚུད་པའི་གནས་ཚུལ་གསལ་བོ་བསྒྲགས།
འདི་གའི་གསར་འགོད་པས་ལས་དེ་གཉེར་མཁན་ཉན་ཤུལ་རྡོ་རྗེ་དོན་གྲུབ་ལགས་ལ་གནས་ཚུལ་གསལ་འདྲི་བྱེད་དུས། ཁོང་གིས་ཡིག་གཟུགས་གཅེས་བསྡུས་འདིའི་རིང་ཚད་ལ་སྨི206དང་། མཐོ་ཚད་ལ་ལི་སྨི80ཙམ་ཡོད་པ་དང་། ད་ལྟ་འདིར་བཀོད་ཡོད་པ་ནི་རང་ཉིད་ཀྱིས་ལག་སོན་བྱུང་བའི་བོད་ཀྱི་ལོ་རྒྱུས་རིམ་བྱུང་གི་ཡིག་གཟུགས་རིགས་མི་འདྲ་བ177ཙམ་ཡིན། ཡིག་གཟུགས་ཀྱི་ནང་དོན་ནི་བོད་ཀྱི་ཀ་མད30དང་། ལེགས་བཤད། སྙན་ངག་བཅས་ལ་སྦྱར་ཏེ། གནའ་ནས་ད་བར་གྱི་བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་གཟུགས་སོ་སོ་ཕྱོགས་གཅིག་ཏུ་བསྡུས་ནས་གོ་རིམ་བཞིན་བཀོད་པ་དང་། བོད་ཀྱི་ཡི་གེ་གསར་གཏོད་མཁན་ཐོན་མི་སམ་བྷོ་ཊ་གཙོ་བྱས་པའི་ལོ་རྒྱུས་ཐོག་བྱུང་བའི་ཡིག་གཟུགས་གསར་གཏོད་མཁན་སོ་གཉིས་ཀྱི་སྐུ་བརྙན་གོ་རིམ་བཞིན་བཀོད་པ་བརྒྱུད་ནས། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་དང་དེའི་ལོ་རྒྱུས་ལ་ཐོས་བསམ་དབེན་པའི་མིག་སྔའི་སྟོང་ཆ་འདི་བསྐོང་ཅི་ཐུབ་བྱས་པ་ཡིན་ཟེར།
ཡིག་གཟུགས་གཅེས་བསྡུས་དེ་ནི་ལྷ་རིས་པ་ཆེན་མོ་ཉན་ཤུལ་རྡོ་རྗེ་དོན་གྲུབ་དང་ཡིག་གཟུགས་མཁན་དགེ་མང་འཇམ་དཔལ་གཉིས་ཀྱིས་ལོ་ངོ4ཡི་རིང་ལ་ལོ་ཟླ་ཞག་གིས་བསྐྱལ་ཞིང་། ཁ་ཆར་གདོང་གིས་བསུས་ཏེ་བོད་མདོ་དབུས་ཁམས་གསུམ་གྱི་གྲྭ་ས་དང་དགོན་སྡེ། བཤམས་སྟོན་ཁང་།དེ་མིན་བླ་སྤྲུལ་དང་། དམངས་ཁྲོད་ཀྱི་ཉར་ཚགས་མཁན་ལ་སོགས་པའི་སར་བཅར་ནས་རྒྱུ་ཆ་དཀོན་པོ་དེ་རིགས་འཚོལ་སྡུད་དང་ཕྱོགས་བསྡུས་བྱས་པ་དང་། ཡིག་གཟུགས་དེ་དག་གི་འབྲི་སྟངས་ལ་སྦྱོང་བ་དང་། མཚོན་དོན་ལ་ངོས་འཛིན་བྱེད་པ་སོགས་ཀྱི་དཀའ་ངལ་མང་པོ་ཁྱད་དུ་བསད་མཐར། བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་གཟུགས་གཅེས་བསྡུས་འདི་ཐོག་མར་གེགས་མེད་བདེ་བླག་ངང་ལེགས་འགྲུབ་བྱུང་བ་རེད། །